ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་འཛིན་ནན་པོ་བྱེད་པ་དང་། བྱེད་པོའི་འགན་འཁྲི་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། རྩེ་རིམ་དང་གཞི་རིམ་ལ་དམ་འཛིན་བྱེད་པ། བྱས་རྗེས་དངོས་འཇོག་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྣང་ཆེན་བྱེད་པ། མཉམ་འདྲེས་ནུས་ལྡན་བྱེད་པ། གོང་འོག་གཞི་གཅིག་དང་རིམ་མཚུངས་མཐུན་སྦྱོར་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་ནན་ཏན་བཏང་བ་རེད།
ནག་ཆུ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས། དུས་བབ་སྲིད་ཇུས་སློབ་གསོ་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བཅས་བྱེད་པ་དང་ཟུང་འབྲེལ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ཟུང་འབྲེལ། “དེ་བས་ནན་པ་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ། དོན་དངོས་ལ་ཞིབ་རྟོགས་དང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། དོན་དངོས་དང་ཟུང་འབྲེལ་གྱིས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དང་སློབ་གྲྭར་བསྐྱོད་ནས་ཆེད་དོན་འཆད་ཁྲིད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྣེ་ཁྲིད་དེ་འཆད་ཁྲིད་བྱེད་པ་དང་། འཆད་ཁྲིད་ཚོགས་པ(རུ་ཁག་དང་ཚོགས་ཆུང)རྫོང(ཆུས)དང་ཤང(གྲོང་རྡལ)དུ་བསྐྱོད་དེ་མང་ཚོགས་ཀྱི་ཚོགས་ཆེན་སོགས་ཀྱི་རྣམ་པའི་ཐོག་ནས་གཙོ་གནད་ཐོག་འཆད་ཁྲིད་བྱེད་པ། ཤང་དང་གྲོང་རྡལ་ཁག་དང་སྡེ་ཚན་ཚན་པ་ཁག་གིས་སྨྱན་སྦྱོར་གསར་པ་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ནང་དོན་བཀོད་པ་དང་། བརྒྱུད་བསྐུར། བརྒྱུད་བཀོད་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱུན་རྣམ་འཆད་ཁྲིད་བྱེད་པ་བཅས་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རིགས་པའི་གཞུང་ལུགས་ཀྱི“མཐོ་མཁས་རྩེ”གསུམ་ལྡན་ལ། འཚོ་བ་དང་ཉེ་བཅར་ཐུབ་པའང་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་421འཚོགས་པ་དང་། བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་ཐེངས་362བྱས་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་1457སྤེལ་ཡོད། དེ་དང་དུས་མཚུངས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་བའི་ཐད་འབད་བརྩོན་བྱེད་པ་དང་དངོས་ཕན་ཐོབ་ཐབས་བྱེད་པ་དང་། “འཕྲལ་མཁོ་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་པ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་བཅས་བྱས་ཏེ་དཀའ་ངལ་ཆེ་ཤོས་ཀྱི་མང་ཚོགས་ནས་འགོ་འཛུགས་པ་དང་མངོན་གསལ་དོད་ཤོས་ཀྱི་གནད་དོན་ནས་དམ་འཛིན་བྱས་ཏེ་གཞི་རིམ་གྱི་དཀའ་ཚེགས་ཆེ་བའི་གནད་དོན་དང་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ཐག་གཅོད་བྱས་པ་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“སེམས་འདུན་ཕྲན་བུ”དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ནུས་ཤུགས་ཆེན་པོར”གཅིག་སྒྲིལ་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཚད་གཞི་མཐོ་པོས་བཀོད་སྒྲིག་དང་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་བས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་སོང་ཡོད། གཞིས་རྩེ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་སྡེ་ཁུལ་དང་། སློབ་གྲྭ དགོན་སྡེ། ཁེ་ལས་སོགས་ལ་སྤེལ་བ་དང་འབྲེལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བཀོད་སྒྲིག་བྱས་ཏེ་ས་ཆ་དངོས་སུ་མང་ཚོགས་ལ་འཆད་འགྲེལ་བརྒྱབ་ཡོད། རྣམ་གླིང་རྫོང་གིས་ཏང་གི་ལོ་རྒྱུས་ཤེས་བྱ་དང་། རྒྱལ་གཅེས་བརྩེ་སེམས། སྲོལ་རྒྱུན་རིག་གནས་བཅས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང་མཉམ་འདྲེས་བྱས་ཏེ་གཞོན་ནུ་ལོ་ཆུང་གིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཡོད། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྦྱོང་སྤྱོད་ཟུང་འབྲེལ་ལ་སྣང་ཆེན་བྱས་ཏེ་བརྟག་ཞིབ་ཚོགས་ཆུང་3བཙུགས་ནས་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་དང་སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་སུ་བརྟག་ཞིབ་བྱས་པ་དང་། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ། ཏང་གི་འབོད་སྒྲ་དང་བྱམས་སྐྱོང་དྲིལ་བསྒྲགས་བྱས་པ། མང་ཚོགས་ཀྱི་དགོས་མཁོ་དང་གནད་དོན་བསྡུ་ལེན་བྱས་པ། དཀའ་གནད་ཆེ་བའི་གནད་དོན་6ཐག་གཅོད་བྱས་པ། བསམ་འཆར་དང་གྲོས་འགོ་ཁག་11བསྡུ་ལེན་བྱས་ཡོད། པ་སྣམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“གྲོང་གསེབ་ཏུ་བསྐྱོད་དེ་ངོ་བཅར་དང་ལེན་བྱེད་པ་དང་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”བརྗོད་དོན་གཙོ་བོར་བྱས་ཏེ་ཏང་ཡོན་ཞིབ་དཔྱོད་དཔོན་གཤམ་སྐྱོད་འདྲི་རྟོགས་དང་ངོ་བཅར་དང་ལེན་ལ་སྐྱོད་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་19ཡི་ངོ་བཅར་དང་ལེན་བྱས་པ་དང་མི་ཐེངས་30ལྷག་ཙམ་ལ་བཅའ་ཁྲིམས་ཞབས་ཞུ་བྱས་ཡོད།
མངའ་རིས་ས་ཁུལ་གྱིས་བོད་ནུབ་གདོང་ལེན·གསར་བརྗེའི་མངའ་རིས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མངའ་རིས་ཀྱི་ཁྱད་དུ་འཕགས་པའི་གསར་བརྗེའི་ཐོན་ཁུངས་དང་མཉམ་འདྲེས་བྱས་ནས“གསར་བརྗེའི་ཡུལ་སྐོར་ལམ་ཐིག”བཏོད་པས་གསར་བརྗེའི་རྗེས་ཤུལ་འདེད་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་དད་སེམས་ལ་ཞུན་བརྡར་གཏོང་བ། ཆེད་དོན་སློབ་གསོའི་གསར་བརྗེའི“གསོན་ཤུགས”འཕེལ་བ་བཅས་བྱས་ཡོད། “གསར་བརྗེའི་དཔེ་དེབ་ཀློག་ས”བཏོད་པ་དང་། “གསར་བརྗེའི་གསོ་རླུང་རྔུབ་ས”བཙུགས་པ། 《དར་དམར་དབྱངས་ཚིགས》དང《མངའ་རིས་སུ་དཔུང་འཇུག་བྱེད་པའི་དཔའ་པོའི་སྔོན་སྐྱོད་ལན》སོགས་གསར་བརྗེའི་དཔེ་དེབ་བཞག་ནས་ཏང་ཡོན་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད། མིག་སྔའི་བར་གསར་བརྗེའི་མཛད་རྗེས་དང་དཔའ་བོའི་མཛད་རྗེས་ཁག་1000ལྷག་ཙམ་སྔོག་འདོན་བྱས་པ་དང་གསར་བརྗེའི་ཐོན་ཁུངས“ལྔ་སྤེལ”བྱེད་སྒོར་བརྟེན་ནས་གྲོང་ལྷན་དང་། ཁེ་ལས། སློབ་གྲྭ་བཅས་ཁག་ཏུ་ཁྱབ་གདལ་བཏང་བ་དང་། ཚན་པ་ཁག་གིས་རང་རྟོགས་ངང་ཏང་གི་ལོ་རྒྱུས་གཏམ་རྒྱུད་ཆུང་གྲས་ཤོད་པའི་སྒྲོག་འགྲེལ་ཐེངས་100ལྷག་ཙམ་སྒྲིག་འཛུགས་བྱས་པ། གྲངས་འཛིན་འགྲེམས་ཁང་དང་དྲ་ཐོག་འགྲེམས་ཁང་དུ་འཛུལ་མཁན་མི་ཐེངས་ཁྲི་20ལྷག་ཙམ་ཟིན་ནས་གསར་བརྗེའི་རིག་གནས་ཁྱིམ་ཚང་ཀུན་གྱིས་རྟོགས་པ་དང་གསར་བརྗེའི་སྙིང་སྟོབས་མི་སེམས་སུ་ཟུག་ཡོད།