འདི་ལོ་ཤར་ཚུན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《2021ལོའི་བོད་ཀྱི་དངུལ་རྩས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཇུས་གཞི》བཟོས་ནས་དངུལ་བུན་བསྐྱར་གཏོང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་དང་ཐོན་ཁུངས་དག་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་གཟིགས་སྐྱོང་ཐུབ་པའི་བརྩོན་ལེན་བྱེད་པ། གྲོང་གསེབ་དར་རྒྱས་ལས་དོན་དེ་ལོ་འཁོར་གྱི་དམིགས་ཚད་དོ་དམ་ཞིབ་དཔྱད་དང་དེ་བཞིན“ཞིང་གསུམ”སྲིད་ཇུས་ཀྱི་ཕན་འབྲས་ཕྱོགས་སྟོན་ཚོད་སྐོར་ནང་འཇུག་རྒྱུར་རོགས་རམ་བྱེད་པ་བཅས་བྱས་ནས་དངུལ་རྩས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་ལྗོངས་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1509.80ཟིན་པའི་ནང་གྲོང་གསེབ་ཀྱི་དངུལ་བུན་དེ་ལོ་གོང་མའི་དུས་མཚུངས་ལས་25.34%འཕར་ཡོད། ཞིང་འབྲེལ་དངུལ་བུན་འཕར་ཚད་སྒོར་དུང་ཕྱུར་39.67ཟིན་པ་དེས་ལྗོངས་ཡོངས་ཀྱི་དངུལ་བུན་སྣ་ཚོགས་གཏོང་གྲངས་མང་དུ་སོང་བའི་ནང་35.86%བཟུང་ཡོད།
དུས་མཚུངས་སུ་དངུལ་རྩའི་སྒྲིག་གཞི་ཁག་སྒྲིག་འཛུགས་བྱས་ཏེ། “སྒོ་ཐེམ་དམའ་རུ་གཏོང་བ”དང“རྐང་པ་ཡར་བཀྱག་པའི”དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་སྲིད་ཇུས་དང་ཐོན་ཁུངས་དག་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་གཟིགས་སྐྱོང་ཐུབ་པའི་བརྩོན་ལེན་བྱས་པའི་ནང་ཡིད་རྟོན་དངུལ་བུན་གྱི་ཆོག་འཐུས་ཆ་རྐྱེན་ལེགས་སྒྲིག་འོས་འཚམ་དང་ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་བཟང་སྒྲིག་འོས་འཚམ་བྱས་པ་སོགས་ཚུད་པ་དང་། བོད་ཀྱི་གྲོང་གསེབ་དར་རྒྱས་སོགས་ཐད་ཀྱི་དངུལ་བུན་གཏོང་ཡུལ་བྱེད་པོར་རྒྱབ་སྐྱོར་བྱས་ཏེ། ནོར་དོན་དང་ཁེ་སྤོགས་ཀྱི་ཆུ་ཚད་སོགས་དངུལ་བུན་གཡར་གཏོང་གི་ཞིབ་བཤེར་མཆན་འགོད་དམིགས་ཚད་ལེགས་སྒྲིག་འོས་འཚམ་བྱས་ཡོད། དངུལ་རྩས་འབྲི་གཡག་དང་། བོད་ཕག ལུག་སོགས་གསོ་སྤེལ་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་ལས། “སའི་གོ་ལའི་སྣེ་གསུམ་པ”སོགས་རིག་གནས་ཐོན་ལས། ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། དུས་ཚིགས་དང་པོའི་དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་369.64ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.62%འཕར་ཡོད།