ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་ཐུགས་ཁུར་རོགས་སྐྱོར་ལག་བསྟར་ཞིབ་སྲོལ》བཏོན་ནས་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་ཀའི་ཐད་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་ལེན། སེམས་ཁམས་ཐད་སེམས་ཁུར་སོགས་ཀྱི་ཐད་ཏང་ནང་ཁུལ་གྱི་ཐུགས་ཁུར་རོགས་སྐྱོར་ཕུགས་ཕན་ལམ་སྲོལ་བཟོས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་གྱི་གཟི་བརྗིད་བསམ་པ་དང་། གཏོགས་སེམས། འགན་འཁྲི་འཁུར་སེམས་བཅས་སྔར་བས་ཆེ་རུ་བཏང་བ་དང་། ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་གྱིས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གསར་འབྱེད་ཡར་བརྩོན་དང་འགན་འཁུར་ལས་སྒྲུབ་ཐུབ་པར་ལྕག་སྐུལ་བྱས་པ་རེད།
《ལག་བསྟར་ཞིབ་སྲོལ》ནང་ཆབ་སྲིད་བསམ་བློ་དང་ལས་ཀར་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བར། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་ཡོན་གྱི་ཏང་གཤིས་སློབ་གསོ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་གསོ་མངོན་གསལ་དོད་པོ་ཡོང་བ། ཏང་ཡོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་པ་དང་། རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ནས་གུང་ཁྲན་ཏང་ཡོན་གྱིས་ཆོས་དད་བྱེད་མི་ཆོག་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་དགོས། ཏང་དང་རྒྱལ་ཁབ་དང་། བོད་ཞི་བས་བཅིངས་འགྲོལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་བཅས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་གྱི་གསར་བརྗེའི་སྔོན་བྱོན་པ་དང་། སྔོན་གཤེགས་དཔའ་བོ། དཔའ་བོ་བཅས་ལ་གུས་བཀུར་དད་ཞེན་བྱེད་དགོས། ཏང་ལོ་50ཟིན་པ་མ་ཟད་སྔ་བར་ཕྱི་གསུམ་དུ་སྤྱོད་ཚུལ་བཟང་བའི་ཏང་ཡོན་ལ་ཏང་རྩ་འཛུགས་ནས“ཏང་ལ་ཞུགས་པའི་གཟི་བརྗིད་ཀྱི་ལོ་50”ཞེས་པའི་དྲན་རྟེན་རྟགས་མ་སྤྲོད་རྒྱུ་མ་ཟད་ཁོང་ཚོ་སྒྲིག་འཛུགས་བྱས་ཏེ་རང་གི་མཐོང་ཐོས་དྲན་རེག་ཐོག་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་བླང་བྱ་བཏོན་པ་རེད།
《ལག་བསྟར་ཞིབ་སྲོལ》ནང་ཏང་ནང་ཁུལ་གྱི་སེམས་ཁུར་རོགས་སྐྱོར་བྱ་ཡུལ་ནི་ཏང་རྩ་འཛུགས་ཀྱི་འབྲེལ་བ་བོད་དུ་ཡོད་པའི་ཏང་ཡོན་ཡོངས་ཡིན་ཞིང་། གཙོ་བོ་གཞུང་དོན་དུ་རང་སྲོག་ཤོར་བ་དང་ཚེ་སྲོག་བློས་བཏང་བའི་ཏང་ཡོན་གྱི་ནང་མི་དང་། གཞུང་དོན་དུ་རྨས་སྐྱོན་ཕོག་པའི་ཏང་ཡོན། ཏང་ཡོན་རྒན་གྲས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཡུན་རིང་མཐའ་མཚམས་ལུང་ཁུག་དཀའ་ཚེགས་ཆེ་བའི་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་པའི་ཏང་ཡོན་སོགས་རེད། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་མིང་ཐོ་བཟོས་ནས་སྤྱི་ཚོགས་འགན་སྲུང་དང་། ཏང་ནང་ཁུལ་གྱི་ལྕག་སྐུལ་རོགས་སྐྱོར་མ་དངུལ་སྤྲོད་པ། ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་དངོས་སེལ་རོགས་བྱེད་དགོས་ཞེས་ཁ་གསལ་བཏོན་པ་དང་། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་ཏང་ཡོན་རྒན་གྲས་བཅས་ལ་ཚད་གཞི་མི་འདྲ་བའི་ཐོག་ནས་ཟླ་རེར་འཚོ་བའི་ཁ་གསབ་སྤྲོད་དགོས་པ་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་བབ་བསྟུན་སྤོར་དགོས་པའི་བླང་བྱ་བཏོན་ཡོད། དཔེར་ན་1959ལོའི་ཟླ་3ཚེས་20ཉིན(ཚུད)གྱི་གོང་དུ་ཏང་ནང་ཞུགས་པའི་ཞིང་འབྲོག་པ(ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་པའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་སྡེ་ཁུལ་གྱི་གྲོང་མི)ཏང་ཡོན་རེར་ཟླ་རེར་སྒོར་1000གི་ཚད་གཞི་གཞིར་བཟུང་འཚོ་བའི་ཁ་གསབ་སྤྲོད་པ་ལྟར་རེད།
《ལག་བསྟར་ཞིབ་སྲོལ》ནང་ཏང་ནང་ཁུལ་གྱི་ལྕག་སྐུལ་རོགས་སྐྱོར་མ་དངུལ་བཟོས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་དང་འབྲེལ་ཡོད་ལས་རིགས་ཁོངས་གཏོགས་ཀྱིས་ནོར་སྲིད་ནས་རྒྱབ་སྐྱོར་དང་ཏང་དངུལ་ནས་སྤྲོད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཏང་ནང་ཁུལ་གྱི་ལྕག་སྐུལ་རོགས་སྐྱོར་མ་དངུལ་ངེས་ཅན་ཞིག་གྲབས་གསོག་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་ལྕག་སྐུལ་རོགས་སྐྱོར་མ་དངུལ་95%ནོར་སྲིད་ནས་སྤྲོད་པ་དང་5%ཏང་དངུལ་ནས་གཏོང་གི་ཡོད། ཆ་རྐྱེན་འཛོམས་པའི་ཏང་ཡོན་ལ་ཏང་ནང་ཁུལ་གྱི་ལྕག་སྐུལ་རོགས་སྐྱོར་མ་དངུལ་སྤྱད་དེ་བྱ་དགའ་དང་། རོགས་རམ། རོགས་སྐྱོར། རོགས་སྐྱོབ་བཅས་བྱེད་དགོས། ཏང་ཡོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྟོབས་མཐའ་བརྟན་བཅས་ཀྱི་ཁྲོད་ལེགས་སྐྱེས་ཧ་ཅང་མངོན་གསལ་དོད་རིགས་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་2000སྤྲོད་དགོས་པ་དང་། ནད་གཞི་དང་། ལོ་བགྲེས་ནས་གཟུགས་པོ་སྐྱོ་བ། ངལ་ནུས་ཤོར་བ། བུ་ཕྲུག་སློབ་གྲྭ་འགྲིམ་དགོས་པ་སོགས་ཀྱི་རྐྱེན་པས་རྒྱུན་གཏན་གྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་ཏང་ཡོན་ལ་ཟླ་རེར་གཞི་རྩའི་འཚོ་བའི་འགྲོ་གྲོན་སྒོར་100སྤྲོད་དགོས་ཞེས་བཏོན་ཡོད།