དབུ་ཤོག>ཆེད་སྒྲིག
  • ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་བྲག་ཕྱི་གྲོང་ཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    དཔྱིད་ཀ་ཤར་བ་དང་སྦྲགས་ཁམ་བུའི་མེ་ཏོག་ལེ་དབར་བརྒྱ་ཕྲག་བཞད་པའི་བོད་ལྗོངས་ཉིང་ཁྲིས་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་འགུག་བཞིན་ཡོད།

    “ཁམ་བུའི་མེ་ཏོག་གི་དཔལ་འབྱོར”མ་དར་གོང་། དུས་རབས་20པའི་ལོ་རབས་90པར། བོད་ལྗོངས་ཉིང་ཁྲི་གྲོང་ཁུལ་གྱི་ཟམ་ཆུང་ཞིག་གི་འགྲམ་དུ་ཉེ་འཁོར་གྱི་གྲོང་མིས་ཤར་རླུང་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་ཞོགས་པ་ནས་དགོང་མོ་བར་ཁ་བཀག་སྟེ་ཟམ་ཟུར་དུ་སྐྱེལ་འདྲེན་ལས་ཀ་སྒུག་ནས་སྡོད་པའི་ནང་བྲག་ཕྱི་གྲོང་ཚོའི་གྲོང་མིའང་ཡོད། གྲོང་མི་དེ་ཚོར་གཟའ་འཁོར་གཅིག་ཙམ་ལ་ཉིང་ཁྲིའི་ཤིང་ཆ་ས་གནས་གཞན་དུ་དབོར་བའི་ལས་ཀ་ཐེངས་གཅིག་ཙམ་རག་ནས་ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་ལས་རག་གི་མེད།

    སྐབས་དེ་དུས་ལོ་20ཙམ་ལ་སླེབས་པའི་སྐལ་བཟང་དབང་ཕྱུག་ནི“སྒེར་གྱི་སྐྱེལ་འདྲེན”རུ་ཁག་དེའི་གྲས་ཤིག་ཡིན། “ང་ཚོས་ཉེ་འགྲམ་གྱི་ནགས་ར་ནས་ཤིང་ཆ་ས་གནས་གཞན་དུ་དབོར་གྱི་ཡོད། སྐབས་དེ་དུས་ལམ་ཡག་པོ་མེད་པས་ལྷ་ས་བར་ཉིན་བདུན་བརྒྱད་འགོར་གྱི་ཡོད”ཅེས་སྐལ་བཟང་དབང་ཕྱུག་གིས་ན་གཞོན་དུས་ཀྱི་མྱོང་བ་ཕྱིར་དྲན་བྱེད་བཞིན་བཤད་པ་དང་། ད་བར་ལོ་20ལྷག་ཙམ་སོང་ཡང་ད་དུང་དཀའ་ལས་ཧ་ཅང་ཆེན་པོ་ཡོད་པའི་སྣང་བ་ཡོང་གི་ཡོད་པ་རེད། “སྐབས་དེ་དུས་ད་དུང་སོ་སོས་མེ་ཤིང་བཅད་ནས་གསོག་དགོས་པ་དང་། ཁྱིམ་གྱི་ཐབ་ལ་དུ་བ་ཆེན་པོ་ཡོད་པས་དགུན་ཁ་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ན་དུ་སུབ་ཐེབས་གྲབས་བྱེད་ཀྱི་ཡོད”ཅེས་བཤད།

    དུས་རབས་བརྗེ་བའི་མཚམས་སུ། བྲག་ཕྱི་གྲོང་ཚོའི་འབུད་ཤིང་གཙོ་བོ་ཤིང་ཡིན་པས་སྟོན་དགུན་གཉིས་སུ་ཁྱིམ་དུད་ཚང་མས་མེ་ཤིང་བསགས་ཏེ་དགུན་སྒྲོལ་ལ་སྟ་གོན་བྱེད་ཅིང་། སྐལ་བཟང་དབང་ཕྱུག་གི་ཁྱིམ་ཡང་དེ་ལྟར་ཡིན།

    “2005ལོའི་གཡས་གཡོན་དུ་ཚང་མས་ཤིང་གཅོད་མཚམས་བཞག་ཡོད། ཕལ་ཆེར་ལོ་10ཡི་གོང་ང་ཚོས་རང་བྱུང་སོལ་རླངས་སྤྱད་པས་དུ་བ་ཉུང་དུ་སོང་བ་དང་ཁང་པའང་གཙང་སྦྲ་ལྡན་པས་མེ་ཤིང་སྤྱོད་པ་ལས་ཡག་པ་འདུག”ཅེས་སྐལ་བཟང་དབང་ཕྱུག་གིས་ཕྱིར་དྲན་བྱེད་བཞིན་བཤད།  2012ལོར། བྲག་ཕྱི་གྲོང་ཚོར་ས་ཞིང་གི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་3000རག དེ་རྗེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱི་སྣེ་ཁྲིད་འོག་དངུལ་དེ་དག་ད་ཆའི་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གལ་ཆེ་ཤོས་ཏེ། བྲག་ཕྱིའི་འཛུགས་སྐྲུན་རྒྱུ་ཆ་ཁྲོམ་རར་བཏང་ཡོད། གྲོས་མཐུན་ལ་གཞིགས་ན། གསར་སྤེལ་བྱེད་མཁན་གྱིས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་སྒོར་ཁྲི་450སྐྱེལ་དགོས་པ་དང་ལོ་5རེར་སྒོར་ཁྲི་50རེ་སྤར་ནས་ལོ་25སོང་རྗེས་གཉེར་སྐྱོང་གི་དབང་ཆ་བྲག་ཕྱི་གྲོང་ཚོར་སྤྲོད་ཀྱི་ཡོད།

    ལོ་10ཡི་རིང་། འཛུགས་སྐྲུན་རྒྱུ་ཆ་ཁྲོམ་ར་ཕུད་གྲོང་ཚོར་ད་དུང་རླངས་འཁོར་སྐྱེལ་འདྲེན་རུ་ཁག་དང་། ཆེད་ལས་མཉམ་ལས་ཁང་། ཟོག་འགྲེམས་གླིང་སོགས་གཅིག་རྗེས་གཉིས་མཐུད་དུ་བཙུགས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྔར་བས་མང་དུ་སོང་ཡོད།

    དཔལ་འབྱོར་ཡོང་འབབ་འཕར་བ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་སྡོད་མལ་ཁོར་ཡུག་ཀྱང་ཇེ་ལེགས་སུ་སོང་ཞིང་། ཤིང་གཅོད་མཚམས་བཞག་ནས་ལོ་བཅུ་གྲངས་སོང་རྗེས་བྲག་ཕྱི་གྲོང་ཚོའི་མཐའ་འཁོར་གྱི་རི་སྟེང་དུ་སྔོ་ཁེབས་སླར་གསོ་བྱུང་བ་དང་། གྲོང་ཚོའི་སྣུམ་ནག་ལམ་ཁོད་སྙོམས་ལ་ལྗོན་ཤིང་སྣ་ཚོགས་ཀྱིས་བརྒྱན་པ། སྲོལ་རྒྱུན་གྱི་བོད་བཟོའི་སྡོད་ཁང་དང་གསར་དུ་བསྐྲུན་པའི་ཡོ་རོབ་བཟོ་ལྟའི་སྤྲོ་ཁང་ཡང་གཅིག་ལ་གཅིག་བརྒྱན་དུ་གནས་ཏེ་གྲོང་ཚོ་ཡོངས་སུ་འབྱོར་ཕྱུག་གི་ས་མཐོའི་གྲོང་སྡེའི་རྣམ་པ་ཞིག་མངོན་འོང་གི་ཡོད།

    2020ལོར། བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁག་གི་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་ཁེ་སྤོགས་བགོ་བཤའ་རྒྱག་ཐེངས་གཅིག་ལས་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་ཡོང་གི་ཡོད་པས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་2011ལོའི་སྒོར་9000ནས་ད་ཆའི་སྒོར་ཁྲི་3.4བར་འཕར་ཡོད། སྐལ་བཟང་དབང་ཕྱུག་གིས“གྲོང་ཚོའི་དུད་ཁྱིམ་གཅིག་ལས་གཅིག་རྫིག་པ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་ཡི་ཡོད”ཅེས་བཤད།

    ད་ཆ་སྐལ་བཟང་དབང་ཕྱུག་ཁྱིམ་དུ་ཁང་པ་རྙིང་པ་གཉིས་དང་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པ་ཞིག་ཡོད་ཅིང་། ཁང་པ་གསར་པའི་སྒོ་ར་སྨི་ངོས་གྲུ་བཅུ་ཕྲག་ཡོད་པར་འབྲས་ཤིང་དང་སྔོ་ཚལ་སྣ་ཚོགས་བཏབ་ཡོད། དཔྱིད་རླུང་ལྡང་བ་དང་སྦྲགས་ཁམ་བུའི་མེ་ཏོག་ཟིང་སྐྱ་དང་དཀར་པོ་གཉིས་ཀ་བཞད་པའི་གླིང་ཁ་ནས་དྲི་ཞིམ་འཐུལ་བ་དང་། སྒོ་ར་ནས་ད་དུང་གྲོང་ཚོར་ཁང་པ་གསར་པ་རྒྱག་པའི་སྒྲའང་གསལ་ལ་མི་གསལ་ཞིག་གོ་ཡི་ཡོད། སྐལ་བཟང་དབང་ཕྱུག་གིས་ལོ་ཁ་ཤས་ཀྱི་རྗེས་ལ་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཡོང་འབབ་གསོག་རྩིས་ཡོད་པ་རེད།

    ཁོང་གིས“ལོ་ཁ་ཤས་སོང་རྗེས་ཁང་པ་རྙིང་པར་མཛེས་བཟོ་ཡག་པོ་ཞིག་བྱེད་ཀྱི་ཡིན། གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བས་འདི་གར་སྡོད་རྒྱུར་དགའ་པོ་བྱེད་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།