དབུ་ཤོག>ཆེད་སྒྲིག
  • ​བོད་རང་སྐྱོང་ལྗོངས་ཀྱི“ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་རིག་རྩལ་དྲིལ་བསྒྲགས་བྱེད་སྒོའི་གཞིས་རྩེའི་སྐོར་སྐྱོད་འཁྲབ་སྟོན་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    469412_yis_1619798400000_s.jpg

    འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཟླ་4ཚེས་27ནས་ཚེས་29ཉིན་བར། རང་སྐྱོང་ལྗོངས་ཀྱི“ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་རིག་རྩལ་དྲིལ་བསྒྲགས་བྱེད་སྒོའི་གཞིས་རྩེའི་སྐོར་སྐྱོད་འཁྲབ་སྟོན་སྔ་རྗེས་སུ་བསམ་གྲུབ་རྩེ་ཆུས་དང་། གམ་པ་རྫོང་། རྒྱལ་རྩེ་རྫོང་བཅས་སུ་སྤེལ་ཏེ་གཞིས་རྩེའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་བཤམས་ནས་བསམ་པའི་སྤྲོ་སྣང་སྦྱིན་པས་ལྟད་མོ་བའི་མིག་གི་གསོས་དང་ཡིད་ཀྱི་བཅུད་དུ་གྱུར་ཡོད།

    བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཁང་གིས་སྒྲུབ་འགན་ཁུར་བ། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཉེར་རོགས་བྱས་པ་བཅས་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་དུ་འཁྱོལ་བར་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་རེད།

    ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་བས་མང་ཚོགས་རྣམས་སྤྲོ་བ་རབ་ཏུ་བརྟས། མྱང་ཆུའི་འགྲམ་གྱི་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་ངམ་ཡང་ན་མཐའ་མཚམས་ཀྱི་གམ་པ་རྫོང་སོགས་གང་དུ་ཡིན་ཡང་དཔྱིད་ཀྱི་རླུང་བུ་ཡངས་པའི་ས་གཞི་ཆེན་པོར་ལྡང་བ་དང་། གཞུང་ལམ་ཚང་མའི་སྟེང་རླངས་འཁོར་རྒྱུན་མི་ཆད་པར་འགྲོ་བ། བོད་བཟོའི་ཁང་པ་གསར་པ་སྟར་པ་དང་སྟར་པས་ཁེངས་ཡོད། སྐོར་སྐྱོད་འཁྲབ་སྟོན་ཚོགས་པ་གཞིས་རྩེར་འབྱོར་རྗེས་མཐོང་ཐོས་མྱོང་གསུམ་ཚང་མ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་རྣམ་པ་གསར་པ་ཞིག་རེད།

    སྐོར་སྐྱོད་འཁྲབ་སྟོན་བྱེད་རིང་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཁང་དང་། གཞིས་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ། བསམ་གྲུབ་རྩེ་ཆུས་སྒྱུ་རྩལ་ཚོགས་པ། གམ་པ་རྫོང་སྒྱུ་རྩལ་ཚོགས་པ། རྒྱལ་རྩེ་རྫོང་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་ལྟད་མོ་ཆེ་བའི་སྒྱུ་རྩལ་ལེ་ཚན་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་རེད། གསར་བརྗེའི་གླུ་གཞས་དང་དམངས་གཞས་རྣ་བར་སྙན་པ་དང་མི་རིགས་ཀྱི་ཞབས་བྲོ་དང་གནའ་བོའི་རོལ་ཆ་མཐུན་སྦྱོར་ལེགས་པས་ལྟད་མོ་བ་མང་པོ་ཞིག་དེར་དབྱིངས་ཚུད་ཡོད། “ངས་དགའ་ཤོས་བྱེད་པའི་ཟློས་གར་ནི《བཀྲ་ཤིས་ལོ་ལེགས》ཞེས་པ་དེ་ཡིན། ངས་ཚན་རིག་རིག་གནས་ཤེས་བྱ་ཧུར་ཐག་སྦྱངས་ཏེ་འབྱུང་འགྱུར་མེས་རྒྱལ་ལ་དྲིན་ལན་འཇལ་ནས‘བཀྲ་ཤིས་ལོ་ལེགས’སྔར་བས་ལེགས་པ་ཡོང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་གམ་པ་རྫོང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་པད་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བཤད།

    འཁྲབ་སྟོན་བྱེད་ས་རེར་སླེབས་རིམ་བཞིན། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བ་དང་། འཁྲབ་སྟོན་དང་ལས་ཀ་བྱེད་མཁན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་བཅས་ཀྱིས་འཁྲབ་སྟོན་བྱ་ཡུལ་དུ་གྲ་སྒྲིག་གི་ལས་དོན་དག་སྔོན་ནས་ཡག་པོ་བསྒྲུབས་ཏེ། འཕྲེད་འགེལ་སྦྱར་ཡིག་བསྒར་བ་དང་། སྒྲ་སྐྱེད་སྙོམ་སྒྲིག་བྱེད་པ། ལྟད་མོ་བའི་རྐུབ་བཀྱག་སྒྲིག་པ་སོགས་བྱས་ནས་ལེ་ཚན་གྱི་སྤུས་ཚད་དང་འཁྲབ་སྟོན་གྱི་ཕན་འབྲས་འགན་ལེན་བྱེད་ཀྱི་ཡོད། “སྤུས་ཚད་མཐོ་བའི་རིག་རྩལ་ལེ་ཚན་བརྒྱུད་ནས་དྲིལ་བསྒྲགས་སློབ་གསོའི་ནང་དོན་དང་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་དང་དོན་འཁྱོལ་ཐུབ་པ་བྱས་ནས་ཏང་གི་གསུང་སྒྲ་དེ་མི་སེམས་གཅིག་སྒྲིལ་དང་། ངར་ཤུགས་འཕེལ་བ། སྙིང་སྟོབས་རྒྱས་པ་བཅས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པ་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་བོད་སྐད་ཡིག་དྲིལ་བསྒྲགས་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་བློ་བཟང་རྡོ་རྗེས་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཀྱི“ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”རིག་རྩལ་དྲིལ་བསྒྲགས་བྱེད་སྒོས་ད་དུང་ཉེ་དུས་ལྷོ་ཁ་དང་ལྷ་སར་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་སྒྲིག་བཟོ་ཞིབ་ཚགས་བྱས་པའི་འབྲེལ་ཡོད་ལེ་ཚན་དང་བརྙན་ལམ“བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར”གྱི་སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་ལས་སྟེགས་སུ་རིམ་པས་བསྟན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།