ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་དམ་ཟབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། དབུལ་པོ་བསྐྱར་ལོག་དང་དབུལ་ཕོངས་སུ་འགྱུར་བའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱས་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་པོ་བསྐྱར་ལོག་གཏན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་དབུལ་སྒྲོལ་བརྟན་ཆགས་མེད་པའི་དུད་ཚང་དང་། མཐར་ལུས་དབུལ་ཕོངས་སུ་འགྱུར་སླ་བའི་དུད་ཚང་། རིམས་ནད་དང་རྒྱུ་རྐྱེན་གཞན་དག་དབང་གིས་ཡོང་འབབ་ཧོབ་ཆག་གམ་ཡང་ན་འགྲོ་སོང་ཧོབ་འཕར་གྱི་དུད་ཚང་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་སའི་རང་བཞིན་གྱི་སྒོ་ནས་རོགས་སྐྱོར་བྱ་ཐབས་སྔོན་ལ་སྤྱད་པ་ལས། ཁོང་ཚོ་དབུལ་པོ་ཆགས་ཆགས་བར་སྒུག་སྡོད་རྒྱུ་མེད”ཅེས་གསུངས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་དབུལ་པོ་བསྐྱར་ལོག་གི་སྔོན་བརྡ་གཏོང་བའི་ལམ་སྲོལ་བཙུགས་ཏེ་དབུལ་པོ་བསྐྱར་ལོག་འཕྲལ་སྡོམ་ཆེད་སྤྱོད་མ་དངུལ་བཙུགས་ཡོད། སྒུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། སྐྱེ་ཁམས་ལས་གནས་དབུལ་སྒྲོལ། སློབ་གྲྭ་ཆེ་མོ་བར་རོགས་དངུལ་སྤྲོད་པ། དབང་པོ་སྐྱོན་ཅན་ལ་ཁ་གསབ་སྤྲོད་པ་སོགས་ཐ་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཡོད། སྲིད་ཇུས་དེ་དག་གི་རོགས་རམ་འོག་ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་མཐར་ལུས་དབུལ་ཕོངས་སུ་གྱུར་པའི་དུད་ཚང་43གྱི་མི་150དང་དབུལ་སྒྲོལ་བརྟན་པོ་བྱུང་མེད་པའི་དུད་ཚང་81གི་མི་256གཙང་སེལ་བྱས་ཡོད།
གཞན་ཡང་། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲལ་བཤེར་ཆེན་པོ་དང་ལྟ་སྐུལ་ཆེན་པོ་གཏིང་ཟབ་སྤེལ་ནས་གནད་དོན་རྟོགས་པ་མ་ཟད། ད་དུང་གནད་དོན་ཐག་གཅོད་བྱེད་རོགས་ཀྱང་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུའུ་ཁྲེང་ཚུང་གིས“ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་མཐའ་འཁྱོངས་བྱ་རྒྱུ་དེ་དོན་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་དང་། སྡེ་ཚན་ཁག་གིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་མང་ཚོགས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་ཡོད”ཅེས་བརྗོད་པ་རེད།
མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་བ།
རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་ཐུབ་པ་བྱས་ཤིང་། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་གཉིས་ནས་འཕེལ་རྒྱས་བརྟན་ལྷིང་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱ་ཐབས་རབ་དང་རིམ་པ་སྤྱད་ནས་རིམས་ནད་ལས་དབུལ་སྒྲོལ་འགག་སྒྲོལ་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ཡོད།
ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལག་བསྟར་ཇུས་གཞི》བཟོས་པ་དང་འབྲེལ་དོན་འཁྱོལ་ནན་པོ་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་འགན་ལེན་བྱས་ཡོད། གཞན་ཡང་། 《འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་ཏེ་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པས་སྔོན་ལ་ཉོ་སྒྲུབ་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་ལས་བྱེད་པས“རོགས་ཚབ་ཟོག་ཉོ”བྱེད་པ། འཛད་སྤྱོད་དབུལ་སྐྱོར་གྱི་ལས་སྟེགས་གཏོད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དབུལ་སྐྱོར་ཁེ་ལས་དང་། མཉམ་ལས་ཁང་། མང་ཚོགས་དབུལ་པོ་བཅས་ཀྱི་དབུལ་སྐྱོར་ཐོན་རྫས་བྲིན་མི་ཐུབ་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་རོགས་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་གྲངས་འབོར་སྒོར་དུང་ཕྱུར་3.25ཟིན་པ་དང་གྲོང་ཁྱེར་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པས་ས་ཁུལ་དབུལ་པོའི་ཞིང་འབྲོག་ཐོན་རྫས་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་607.84ཟིན་པ། འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་ཚོང་གཉེར་གྲངས་འབོར་སྒོར་ཁྲི་217.49ལེགས་སྒྲུབ་བྱས་ནས་ས་ཁུལ་དབུལ་པོའི་ཐོན་རྫས་བྲིན་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
སྐྱོན་ཆ་བསལ་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བ།
ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས“འགན་ལེན་གསུམ”གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཞིང་། མིག་སྔར་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་ཆུང་སློབ་གསོ། དམའ་འབྲིང་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་འཐུས་སྒོ་ཅུང་ཚང་བའི་དེང་རབས་མི་རིགས་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད།
གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་ལ་ཕན་འབྲས་ཐོན་རྒྱུར་སྣང་ཆེན་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་རིགས་ཆེན་པོ་དྲུག་གི་ཐོན་ལས་རྣམ་གྲངས་217འཆར་འགོད་དང་འཛུགས་སྐྲུན། ལག་བསྟར་བཅས་བྱས་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་44.8བཏང་བ་དང་། མི་ཁྲི་2.8ལ་ཡོང་འབབ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་པ། མི་16850ཐོན་ལས་དབུལ་སྒྲོལ་ཡོང་བ་བྱས་ཡོད།
ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་ལྷུན་རྩེ་རྫོང་ཡུལ་སྨད་གྲོང་ཚོ་འདི་ཉིད་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བསྐྲུན་ཏེ་འབྱོར་འབྲིང་འཚོ་བ་སྐྱེལ་འགོ་བརྩམས་ཡོད། “ང་ཚོར་སྡོད་ཁང་བརྒྱབ་པ་དང་དཔལ་འབྱོར་འཕེལ་རྒྱས་བཏང་བ་སོགས་ཏང་གིས་ང་ཚོར་ཡག་པོ་འདི་འདྲ་གནང་གི་འདུག ང་ཚོའི་མི་རབས་ནས་མི་རབས་ཀྱིས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲེངས་ཀྱི་ཡིན”ཞེས་ཡུལ་སྨད་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་གྱིས་དེ་ལྟར་བརྗོད་པ་རེད།