བོད་ནུབ་རྒྱུད་ཀྱི་ས་གཞི་ཆེ་མོར་བཅངས་པའི་ལྷག་བསམ་དཀར་པོ།
ཁོང་གིས་ས་བབ་མཐོ་ཚད་སྨི་4700ཡོད་པའི“དཀའ་ཚེགས་ཆེ་བའི་ཁུལ”དུ་ཞབས་ཀྱིས་བཅག་ལ། ལྷག་བསམ་རྣམ་དག་ངང་འགན་འཁྲི་ལེགས་པར་ཁུར་ནས་བགྲང་བྱ་20ཡི་རིང་ཉེན་རྟོག་པའི་ལས་ལ་གཞོལ་ཞིང་། ལྷག་བསམ་དཀར་པོ་མཐོ་གྲང་གསོ་རླུང་དཀོན་པའི་བོད་ནུབ་རྒྱུད་ཀྱི་ས་གཞི་ཆེ་མོར་ཕུལ་བ་རེད།
ཁོང་ནི་མཚོ་ཆེན་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ལིན་ཅང་ཕིང་རེད། 2020ལོའི་ཟླ་12ཚེས་17ཉིན་གྱི་དགོང་མོར་ལིན་ཅང་ཕིང་གིས་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་སྡོད་བྱ་ཁང་དུ་ལས་རེས་བྱེད་སྐབས། ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་ས་མཐོའི་རང་བཞིན་གྱི་ཀླད་ཆུ་བསགས་པ་དང་གློ་བར་ཆུ་བསགས་ནས་ཉལ་ཁྲིའི་སྟེང་འགྱེལ་ཏེ་ང་ཚོ་དང་ནམ་ཡང་བྲལ་ཞིང་། གྲོངས་སྐབས་ཁོང་དགུང་ལོ་39ཡིན་པ་རེད།
2000ལོའི་ཟླ་7པར་ལིན་ཅང་ཕིང་ཆེད་སྦྱོང་ཚན་ཁག་ནས་ཐོན་རྗེས་སྔོན་ཆད་ཁོང་གི་ཕས་འབད་འཐབ་གནང་མྱོང་བའི་མངའ་རིས་སུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་གདམ་ག་བྱས། ཁོང་གི་ཕ་ལིན་ཧྥུའུ་ཀུའེ་ཡིས་བོད་དུ་བསྐྱོད་པ་ནས་2014ལོར་མངའ་རིས་ས་ཁུལ་ལྟ་སྲུང་ཁང་ནས་རྒན་ཡོལ་ཞུས་པའི་བར་བོད་དུ་ཕྱག་ལས་ལོ་40གནང་ཡོད།
“བློ་མཐུན་ཚོ་དཀའ་ངལ་ཧ་ཅང་ཆེ་བས། གཟི་བརྗིད་མཚན་སྙན་ནི་ཁོང་ཚོར་ཐོབ་འོས”
2019ལོའི་ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིཌ་མཛད་སྒོ་ཆེ་མོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་འཚོཌ་ཤིང་། དེའི་ཤར་ངོས་ཀྱི་གཟིགས་སྟེགས་ཐོག་བོད་ལྗོངས་མངའ་རིས་ནས་ཕེབས་པའི་འཐུས་མི་རྒྱ་མཚོ་ཕུན་ཚོགས་བསྡད་ཡོད། ཁོང་གིས་རྒྱལ་ཁབ་ཆེ་མོའི་དམག་དཔུང་སྟོབས་ཆེན་ལ་ཉམས་ལེན་བྱེད་བཞིན་ལིན་ཅང་ཕིང་གི་བྱས་རྗེས་ལ་སེམས་འགུལ་ཐེབས་པ་རེད།
ཟླ་གཅིག་གི་གོང་དུ་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པའི་ལིན་ཅང་ཕིང་ལ་གདན་ཞུའི་ཡི་གེ་ཞིག་འབྱོར་བ་ནི་པེ་ཅིང་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིགས་མཛད་སྒོ་ཆེ་མོར་ཞུགས་རྒྱུ་དེ་རེད། གདན་ཞུའི་ཡི་གེ་འབྱོར་རྗེས་ལིན་ཅང་ཕིང་གིས་ཆབ་སྲིད་ཨུ་ཡོན་རྒྱ་མཚོ་ཕུན་ཚོགས་ལ“ཁྱེད་ངའི་སྔོན་ལ་ལས་ཀར་ཞུགས་ལ། བསླབ་པ་རྒན་ཤོས་ཀྱང་ཁྱེད་ཡིན། ཁྱེད་ཀྱིས་ཞིབ་བཤེར་ས་ཚིགས་ཀྱི་ཚབ་བྱས་ཏེ་བྱ་དགའ་ལེན་པར་ཕེབས་རོགས”ཞེས་ཞུས།
རྒྱ་མཚོ་ཕུན་ཚོགས་ཀྱིས“དོན་དངོས་ཐོག་ཀྲན་ཀྲང་ལིན་ལགས་ང་ལས་ཉིན་ཁ་ཤས་ཀྱི་མཇུག་ཏུ་ལས་ཀར་ཞུགས་པ་རེད”ཅེས་གསར་འགོད་པར་འགྲེལ་བཤད་བརྒྱབ་བྱུང་།
ལིན་ཅང་ཕིང་གཞུང་དོན་གྱིས་རྐྱེན་པས་སྐུ་གཤེགས་རྗེས། མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝེ་ལི་ཡིས་ལིན་ཅང་ཕིང་གི་བྱས་རྗེས་ཀྱི་དཔྱད་གཞི་འབྲི་བའི་སྐབས། བསམ་ཡུལ་ལས་འདས་པ་ཞིག་ནི་ཅུས་ཀྲང་ཁོང་ལ་གཟི་བརྗིད་མཚན་སྙན་ངོ་དྲགས་པ་གཅིག་ཀྱང་མེད་པ་དེ་རེད།
གཟི་བརྗིད་མཚན་སྙན་གྱི་མདུན་དུ་ཁོང་གིས་དུས་རྟག་ཏུ་སྔོན་ལ་མི་གཞན་པར་བསམ་བློ་གཏོང་གི་ཡོད། ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་སུ་ལས་ཀ་བྱེད་རིང་ཁོ་ནར“ཕུལ་བྱུང་གཞུང་ལས་པ”འདེམས་སྐབས་སྐལ་བཟང་ཡོན་ཏན་འོས་སྦྱོར་བྱས་པ་དང་། “ཕུལ་བྱུང་གུང་ཁྲན་ཏང་ཡོན”འདེམས་སྐབས་དོན་གྲུབ་འོས་སྦྱོར་བྱས་པ་སོགས་རེད། མི་རྣམས་ཀྱིས་ཁོང་ལ་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས“ང་འགོ་ཁྲིད་ཞིག་ཡིན་པས་བྱས་རྗེས་ངས་འཁྱེར་ན་ག་ལ་འགྲིག བློ་མཐུན་ཚོ་དཀའ་ངལ་ཧ་ཅང་ཆེ་བས། གཟི་བརྗིད་མཚན་སྙན་ནི་ཁོང་ཚོར་ཐོབ་འོས་པ་ཞིག་རེད”ཅེས་འཛུམ་དམུལ་དམུལ་ངང་གསུངས།
འོན་ཀྱང་ལས་དོན་དངོས་ནང་ཁོང་གིས་དུས་རྟག་ཏུ་སྣེ་ཁྲིད་དེ་གདོང་མཆོང་བྱེད་ལ། ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ནི་ཤིན་ཅང་དང་བོད་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པས་བོད་ནུབ་རྒྱུད་ཀྱི“བྱང་སྒོ་ཆེ་མོ”ཞེས་འབོད་ཀྱི་ཡོད། དེར་ས་བབ་མཐོ་ཚད་སྨི་5118ཟིན་པ་དང་ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལ་སླེབས་པའི་ཁར་ཆ་རྐྱེན་ཤིན་ཏུ་སྐྱོ་བ་དང་ལས་སྒྲུབ་ཀྱི་ལས་འགན་ཡང་ལྗིད་རྫོབ་ཆེན་པོ་ཡོད་པས། ལིན་ཅང་ཕིང་གིས་རང་ཉིད་དཀའ་ཚེགས་ཆེ་ཤོས་ཀྱི་སྐོར་སྐྱོད་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད།
“གཞི་རིམ་གྱི་ཆ་རྐྱེན་ཤིན་ཏུ་སྐྱོ་བས། གཞི་རིམ་མི་དམངས་ཉེན་རྟོག་པར་སེམས་ཁུར་མང་ཙམ་བྱེད་དགོས”
2019ལོའི་ཟླ་12པར་ལིན་ཅང་ཕིང་ལ་ས་བབ་སྨི་4700ཟིན་པའི་མཚོ་ཆེན་རྫོང་གི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཀྱི་ལས་འགན་གསར་པ་འཁུར་དུ་བཅུག་པ་དེས་ཁོང་ལ་འགན་འཁྲི་གསར་པ་ཞིག་དཀྲིས་ཡོད།
རྫོང་ཡོངས་སུ་མངགས་གཏོང་ཁང་ལྔ་དང་། ཞིབ་བཤེར་ས་ཚིགས་གཅིག ཉེན་རྟོག་ལས་སྒྲུབ་ས་ཚིགས་གཉིས་བཅས་ཡོད་ཅིང་། ལིན་ཅང་ཕིང་གིས་ལོ་གཅིག་གི་ནང་གནས་དེ་དག་ལ་ཐེངས་ག་ཚོད་བསྐྱོད་པ་ཁོང་རང་ཉིད་ཀྱིས་ཀྱང་བརྗོད་དཀའ་ལ། ཕྱིས་སུ་ཁོང་གིས་མི་དམངས་ཉེན་རྟོག་པ་མང་པོའི་མིང་ཤེས་ཤིང་། དབྱང་ཅུན་ནི་དེ་དག་ཁྲོད་ཀྱི་གྲས་ཤིག་རེད།
དབྱང་ཅུན་2016ལོར་མེ་ཏོག་གི་རིམ་པ་དང་པོའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་སུ་བཅའ་སྡོད་བྱེད་པར་མངགས་ཤིང་། དེའི་ས་བབ་མཐོ་ཚད་སྨི་4900ལྷག་ཟིན་པ་མ་ཟད་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། ལོ་གསུམ་ལྷག་ཙམ་སྡོད་རིང་དབྱང་ཅུན་ལ་སྙིང་འཕར་ཤུགས་ཆེ་བ་དང་། མགོ་ན་བ། སོ་རྩ་མི་བརྟན་པ་སོགས་ཀྱི་ནད་རྟགས་ཐོན་ཞིང་། དབྱང་ཅུན་གྱིས“སྡུག་བསྔལ་ཆེ་ཤོས་ནི་གཉིད་མི་ཁུག་པ་དེ་ཡིན། སྐབས་རེ་མཚན་གང་གཉིད་མི་ཁུག་པས་ཉིན་གཉིས་པར་ལས་ཀ་བྱེད་དུས་རྣམ་རིག་མི་འདུག”ཅེས་བཅའ་སྡོད་ས་ཚིགས་སུ་སྡོད་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས།
རྫོང་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི“འགོ་ཁྲིད་ཨང་དང་པོ”ཡིན་པའི་ལིན་ཅང་ཕིང་གིས་གཞི་རིམ་མི་དམངས་ཉེན་རྟོག་པའི་འཚོ་བར་དོ་ཁུར་ཆེན་པོ་གནང་གི་ཡོད། 2020ལོའི་ཟླ་9ཚེས་2ཉིན་གྱི་མཚན་མོར་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཚོགས་ཁང་403ནང་གློག་སྒྲོན་གསལ་ཐིང་ངེར་སྤར་ཡོད་པ་དང་། ཀྲུའུ་ཞིའི་སྡིངས་ཆའི་དཀྱིལ་དུ་བཞུགས་པའི་ལིན་ཅང་ཕིང་གིས“གཞི་རིམ་གྱི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡིན། ཉེན་རྟོག་པ་ལ་ལ་དུས་ཡུན་རིང་པོ་ན་ནའང་ལས་གནས་བརྟན་སྲུང་བྱེད་པ་དང་། བློ་མཐུན་ལ་ལས་བཅའ་སྡོད་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་དྲུག་བདུན་ཙམ་འགྲོ་གི་ཡོད་པས། གཞི་རིམ་གྱི་མི་དམངས་ཉེན་རྟོག་པར་སེམས་ཁུར་མང་ཙམ་བྱས་ནས་ལས་གནས་བརྗེ་རེས་འོས་འཚམ་བྱེད་དགོས”ཞེས་གསུངས་པ་རེད།
མི་རིང་བར་གཞི་རིམ་མི་དམངས་ཉེན་རྟོག་པའི་ལས་གནས་ལེགས་སྒྲིག་བྱེད་པ་དང་ཟ་མའི་ཁ་གསབ་སྤྲོད་པའི་བརྡ་ཐོ་ཞིག་བཀྲམ་སྟེ་རྫོང་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་137གྱི་མི་གྲངས་ཕྱེད་ཀ་ཙམ་ལས་གནས་བརྗེ་པོ་བརྒྱབ་ཅིང་། དབྱང་ཅུན་ཡང་ཆ་རྐྱེན་ཅུང་བཟང་བའི་ཟླ་གཞུང་ཤང་མངགས་གཏོང་ཁང་ལ་ལེགས་སྒྲིག་བྱས་པ་རེད།
“ངའི་མི་ཚེ་ཧྲིལ་པོར་ཉེན་རྟོག་བྱ་གཞག་ལ་ཧ་ཅང་དགའ་པོ་ཡོད། གལ་སྲིད་ལས་གནས་ནས་ཁ་བྲལ་ཚེ་ཉེན་རྟོག་པའི་ལས་གོས་ཕུད་པའི་དུས་དེ་ཡིན”
2019ལོའི་ཟླ་12པར་ཅིན་ཅང་ཕིང་ལ་ཐོབ་ཐང་ཐོལ་པ་ཞིག་བྱུང་བ་ནི་མཚོ་ཆེན་གྲོང་རྡལ་གྱི་གྲོང་རྡལ་འགན་ལེན་གྱི་འགོ་ཁྲིད་ལ་བསྐོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།
གྲོང་རྡལ་ཡོངས་ཀྱི་གནས་ཚུལ་མགྱོགས་མྱུར་ཁོང་དུ་ཆུད་ཆེད། ཁོང་གིས་གྲོང་རྡལ་གྱི་ལས་བྱེད་པ་དང་མཉམ་ཟ་མཉམ་འཐུང་བྱས་ལ། ཤོད་པའི་སྐད་ཆ་ཕལ་མོ་ཆེ་ཡང“དུས་ཚིགས་དང་པོའི་ལས་དོན་གང་འདྲ་སྒྲུབ་ཐུབ་སོང་ངམ། ད་དུང་དུད་ཚང་ག་ཚོད་དབུལ་སྒྲོལ་ཐུབ་མེད་དམ། དེ་གོང་བཤད་པའི་དུད་ཚང་དབུལ་པོ་ཁག་གཅིག་གི་གནས་ཚུལ་ཡག་ཏུ་ཕྱིན་སོང་ངམ”ལ་སོགས་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་ཡིན་པ་རེད། རྫོང་ཡོངས་དབུལ་སྒྲོལ་ཐུབ་ཀྱང་། མང་ཚོགས་ཁག་གཅིག་ལ་ད་དུང“སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཡོད་པ་ཤེས་རྗེས། ཁོང་གིས་སྣེ་ཁྲིད་དེ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། འབྲོག་པ་མི་ཉུང་བ་ཞིག་གི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བ་ཤེས་རྗེས། ཁོང་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་བརྟག་དཔྱད་དང་དམངས་ཀྱི་དཀའ་ངལ་ཤེས་རྟོགས་བྱས་ལ། མཚོ་ཆེན་རྫོང་གིས་ལོ་རེའི་དུས་ཚིགས་སོ་སོར་ཐེངས་རེ་སྤེལ་བའི“གཉེན་ཉེར་ཐུག་པའི”ཆ་སྒྲིག་རོགས་སྐྱོར་བྱེད་སྒོར་ཁོང་ཐེངས་གཅིག་ཀྱང་ཆད་མྱོང་མེད་པ་རེད།
ལིན་ཅང་ཕིང་གིས་མང་ཚོགས་ལ་འགན་འཁྲི་གཙང་སྒྲུབ་བྱས་ཀྱང་ཁྱིམ་མི་ལ་ལྟ་རྟོག་བྱེད་ཁོམ་མེད་པ་རེད།
“ང་ཉིན་གཉིས་ཀྱི་རྗེས་སུ་འཁོར་ཞག་འཁེལ་བས། ད་ཐེངས་ལོག་ཡོང་སྐབས་ངས་ཁྱེད་དང་ཕྲུ་གུ་ཡུན་ནན་དུ་ཡུལ་སྐོར་ལ་འཁྲིད་རྒྱུ་ཡིན”ཞེས་ལིན་ཅང་ཕིང་གིས་སྐུ་འཚོ་བཞུགས་སྐབས་ཁས་ལེན་ཐེངས་མང་གནང་ཡང་། བློ་ཕམ་པ་ཞིག་ལ་ལས་ཀའི་དབང་གིས་ད་བར་དུ་ལག་བསྟར་བྱེད་ཐུབ་མེད་པ་རེད།
“ཁོང་ལས་བྲེལ་ཆེ་བས་ཁྱིམ་ལ་ལྟ་རྟོག་བྱེད་མ་ཐུབ་ནའང་། ངས་ཁོ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཐག་རིང་ཁྲེང་ཏུའུ་རུ་ཡོད་པའི་བཟའ་ཟླ་ལའེ་མེ་ཡིས་བཤད་པ་དང་། ཁོང་གིས་ལིན་ཅང་ཕིང་རྒྱུན་དུ་ལས་བྲེལ་ཆེ་ཞིང་ཟ་མ་དུས་ཐོག་ཏུ་ཟ་ཁོམ་མ་བྱུང་བས་ཕོ་བའི་ནད་ཇེ་སྡུག་ཏུ་ཕྱིན་པ་དང་། ལོ་བསྟུད་མར་ཕྱག་ལས་ཚད་ལས་བརྒལ་བ་གནང་བར་བརྟེན་ཕྱི་ཚུལ་ནས་གཟུགས་པོ་ཐང་ཡང་དོན་དངོས་ཐོག་དུས་ཡུན་རིང་པོར་སྨན་ལ་བརྟེན་པ། སྒམ་ནང་དུ་སྙིང་སྨན་དང་ཕོ་བའི་སྨན་མང་པོ་ཡོད་པ་སོགས་གསལ་པོར་ཤེས་པ་རེད།
“ཅང་ཕིང་། ཁྱེད་ཀྱིས་སྤྱི་བདེའི་ལས་དོན་བསྒྲུབས་ནས་སྐུ་ལས་ཁག་སོང་། ཁྱེད་ད་དུང་ཚན་པ་གཞན་ལ་ལས་སྒྱུར་གནང་རྩིས་མེད་དམ”ཅེས་སློབ་གྲོགས་རྙིང་པ་ཞིག་གིས་སེམས་ཁུར་ཆེན་པོས་དེ་ལྟར་དྲིས་པར། ཁོང་གིས“ང་ཉེན་རྟོག་བྱ་གཞག་ལ་ཧ་ཅང་དགའ་པོ་ཡོད། གལ་སྲིད་ལས་གནས་ནས་ཁ་བྲལ་ཚེ་ཉེན་རྟོག་པའི་ལས་གོས་ཕུད་པའི་དུས་དེ་ཡིན”ཞེས་ལན་བཏབ་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣