དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་རྒྱལ་རྩེའི་དྲ་ཐོག་འཛད་སྤྱོད་དེ་བས་སྟབས་བདེ་རུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-04-28

    ལག་ཏུ་འབྱོར་མ་ཐག་པའི་བསྐུར་མའི་འཐུམ་སྒྲིལ་བཤུས་རྗེས། ལྟེབ་བརྩེགས་བརྒྱབ་པའི་འགྲེང་འཁོར་ཁ་ཕྱེ་ནས་མདུན་ཕྱོགས་སུ་ཚོད་ལྟ་བྱས་ཏེ་བཏང་། ཕོ་གཞོན་དེས་བློ་ཡིད་ཚིམ་པའི་ངང་འགྲེང་འཁོར་དེ་ཤོག་སྒམ་ནང་ལ་བླུགས་ནས་པང་པར་ཁྱེར་ཏེ་ཁྱིམ་དུ་ལོག སྣང་ཚུལ་འདི་རིགས་གྲོང་ཁྱེར་ཆེན་པོའི་ནང་ཡང་ཡང་མཐོང་རྒྱུ་ཡོད་རུང་། ད་ལྟའི་རྣམ་པ་དེ་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་མྱུར་སྐྱེལ་ས་ཚིགས་སྒོ་འགྲམ་དུ་ཐོན་པ་ཞིག་རེད།

    “རྫོང་དུ་དྲ་ཐོག་ནས་དངོས་ཟོག་ཉོ་མཁན་ཇེ་མང་དུ་འགྲོ་གི་འདུག ཚང་མས་རྟག་ཏུ་ཅ་དངོས་ཁྱད་མཚར་པོ་ཤ་སྟག་ཉོ་གི་འདུག ད་ལྟའི་འགྲེང་འཁོར་དེ་འདྲ་རྫོང་ནང་གི་མི་ཁ་ཤས་ཀྱིས་ཉོས་སོང”ཞེས་མྱུར་སྐྱེལ་ས་ཚིགས་ཀྱི་ལས་དོན་མི་སྣས་དེ་ལྟར་བརྗོད།

    དྲ་ཐོག་ཟོག་ཉོའི་ཚ་རླབས་ཁྲོད་ཐག་རིང་གི་རྫོང་གྲོང་རྒྱལ་རྩེར་ཡང་འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་ས་གསར་པ་མངོན་ཡོད།

    1984ལོར་སྐྱེས་པའི་རྒྱལ་རྩེ་རྫོང་མིང་ཞིང་སློབ་འབྲིང་གི་དགེ་རྒན་པ་ཕན་གྱིས་དྲ་ཐོག་ནས་དངོས་ཟོག་ཉོས་ནས་ལོ་10ལྷག་ཙམ་འགྲོ་གི་ཡོད། དེ་གོང་རྒྱལ་རྩེ་རྫོང་ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ་དུ་ལས་ཀ་བྱེད་དུས་ཀྱང་ཁོང་གིས་རྟག་ཏུ་དྲ་ཐོག་ནས་དངོས་ཟོག་ཉོ་གི་ཡོད། “ང་ལྷ་ས་ནས་ཡིན། རྒྱལ་རྩེར་སླེབས་མ་ཐག་པའི་སྐབས་སུ་རང་ཉིད་ཀྱིས་དགའ་བའི་ཅ་དངོས་མང་པོ་ཞིག་ཉོ་ས་མི་འདུག དེར་བརྟེན་དྲ་ཐོག་ནས་གྱོན་གོས་དང་འཚོ་བའི་མཁོ་ཆས་ཁ་ཤས་ཉོ་གི་ཡོད”ཅེས་པ་ཕན་གྱིས་བརྗོད།

    བརྗོད་མི་དགོས་པ་ཞིག་ནི་ཐག་རིང་ས་ཁུལ་གྱི་རྒྱལ་རྩེར་དྲ་ཐོག་ཟོག་ཉོ་དེ་རིག་གནས་ཆུ་ཚད་དམའ་བའི་ཞིང་འབྲོག་པ་ཁ་ཤས་ཀྱི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་མིན། ཡིན་ནའང་། ཁོང་ཚོའི་འཛད་སྤྱོད་སྤྲོ་སེམས་ལ་དེས་ཤུགས་རྐྱེན་གང་ཡང་ཐེབས་མེད་པར“ཚབ་ཉོའི”རྣམ་པའི་ཐོག་ནས་རང་ཉིད་ཀྱི་དགོས་མཁོ་སྒྲུབ་ཀྱི་ཡོད།

    རྒྱལ་རྩེའི་རྫོང་རིའི་འདབས་ཀྱི་ལ་འཛེགས་སྡེ་ཁུལ་དུ་ཡོད་པའི་བསྟན་འཛིན་བཀྲ་ཤིས་ཀྱི་ཚོང་ཁང་ནང་བསྐུར་མ་མང་པོ་སྤུངས་ཡོད། བསྐུར་མ་དེ་ཚོ་ཡུལ་མི་སྤུན་ཟླས་ཚོང་ཁང་ནས་ཉོས་པའི་དྲ་ཐོག་ཐོན་རྫས་རེད། བསྟན་འཛིན་བཀྲ་ཤིས་ཀྱིས་ཚོང་ཁང་བཙུགས་ནས་ཚོང་རྒྱག་ཞོར་དུ་སྡེ་ཁུལ་ནང་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་བྱེད་ཀྱི་ཡོད། དྲ་ཐོག་ནས་ཟོག་ཉོ་མི་ཤེས་པའི་ཉེ་འཁོར་གྱི་ཡུལ་མི་སྤུན་ཟླས་ཁོང་གི་ཚོང་ཁང་དུ་ཡོང་ནས་དྲ་ཐོག་གི་ཚོང་ཟོག་ཉོ་གི་ཡོད། མྱུར་སྐྱེལ་བས་ཚོང་ཟོག་དེ་ཚོ་བསྟན་འཛིན་བཀྲ་ཤིས་ཀྱི་ཚོང་ཁང་ནང་སྐྱེལ་བ་དང་ཉོ་མཁན་གྱིས་ཁོང་གི་ཚོང་ཁང་དུ་དངོས་ཟོག་ལེན་པར་ཡོང་གི་ཡོད།

    “རྒྱལ་རྩེ་ས་ཐག་རིང་ནའང་དྲ་རྒྱ་བརྒྱུད་ང་ཚོས་ས་ཕྱོགས་གང་རུང་གི་ཚོང་ཟོག་ཉོ་ཐུབ”ཅེས་ད་ལྟའི་ཟོག་ཉོའི་ཚོར་སྣང་བརྗོད་སྐབས་པ་ཕན་གྱིས་དགའ་ཚོར་ཆེན་པོས་བརྗོད།

    2012ལོར་དབྱང་ཁྲུང་ཡུན་རྒྱལ་རྩེར་ཡོང་ནས་མྱུར་སྐྱེལ་ཞབས་ཞུའི་ལས་ཀ་བྱས། ཁོང་གི་བུ་དབྱང་ཧོ་2017ལོར་རྒྱལ་རྩེར་ཡོང་ནས་ཕའི་ཤུལ་འཛིན་པ་རེད། ལོ་10ནང་ཕ་བུ་གཉིས་ཀྱིས་དེ་གའི་མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད།

    ལོ་10ཡི་གོང་བསྐུར་མ་ཞིག་དེ་གར་འབྱོར་བར་ཉིན་བཅུ་གྲངས་འགོར་གྱི་ཡོད། དེར་བརྟེན་ང་ཚོས་སྐུ་མགྲོན་ལ་དུས་ཚོད་ཁས་ལེན་བྱེད་མི་ཐུབ། ད་ཆ་སྐམ་ཐོག་སྐྱེལ་འདྲེན་བྱེད་པར་ཉིན་7ཙམ་འགོར་བ་དང་མཁའ་ལམ་སྐྱེལ་འདྲེན་བྱེད་པར་ཉིན་གསུམ་ནས་བཞི་བར་ལས་འགོར་གྱི་མེད། ཟོག་འགྲེམས་ལྷུ་ཚིགས་ལེགས་སུ་སོང་བ་ནི་དྲ་ཐོག་ཚོང་དོན་གྱི་འཛད་སྤྱོད་ཚོར་སྣང་ལེགས་སུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད། ད་ཆ་དྲ་ཐོག་ནས་དངོས་ཟོག་ཉོ་མཁན་ཇེ་མང་དུ་སོང་ཡོད། མི་ཁ་ཤས་ནི“དྲ་ཐོག་ཟོག་ཉོ་དུད་ཆེན”རེད། “ཐེངས་ཤིག་གཞོན་ནུ་མ་ཞིག་གིས་ཉོ་ཐེངས་གཅིག་ལ་བསྐུར་མ་37ཉོས་ཡོད་པས་རླངས་འཁོར་གཅིག་གི་བསྐུར་མ་ཆ་ཚང་ཁོང་གི་རེད་འདུག”ཅེས་དབྱང་ཧོ་ཡིས་བརྗོད།

    “དྲ་ཐོག་འཛད་སྤྱོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་རུང་། སྔར་བཞིན་མི་འདང་ས་ཡོད”ཅེས་རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཀྲང་དབྱི་ཡིས་བརྗོད། ཡང་ཁོང་གིས“ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཟོག་འགྲེམས་མྱུར་ཚད་ཀྱང་དེ་སྔོན་ལས་མགྱོགས་སུ་ཕྱིན་ཡོད་ཀྱང་། སྤྱི་ཡོངས་ཀྱི་མ་གནས་སྔར་བཞིན་མཐོ་པོ་ཡོད། དངོས་ཟོག་ཡག་པོ་ཡོད་ཀྱང་རིན་གོང་ཁེ་པོ་མེད་པ་ལྟར་རེད”ཅེས་བརྗོད།

    “དཔེར་ན། རྒྱལ་རྩེ་རྫོང་གི་ཤང་གྲོང་ཁ་ཤས་ཀྱིས་རྫོང་གྲོང་དུ་ས་གནས་དེ་གར་དམིགས་པའི་དྲ་ཐོག་ཚོང་དོན་ལས་སྟེགས་ཤིག་བསྐྲུན་ཏེ་ས་གནས་དེ་གའི་གྲོང་མིའི་དགོས་མཁོར་བརྟེན་ནས་ཚོང་པར་རིན་གོང་སྒྲིག་པ་དང་ཚོང་ཟོག་གི་རིན་གོང་གཅོག་པ་དང་ཆབས་ཅིག་འབོར་ཚད་ལ་བརྟེན་ནས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། བྱེད་སྟངས་དེ་ནི་ཐག་རིང་ས་ཁུལ་ལ་ཚོད་ལྟ་གསར་པ་བྱས་པ་ཞིག་རེད”ཅེས་ཀྲང་དབྱི་ཡིས་བརྗོད།

    “སྐུ་མགྲོན་ཁ་ཐོར་ཡིན་པའི་དབང་གིས་ཁེ་བཟང་ཆེན་པོ་མེད། རྫོང་གྲོང་མང་པོའི་ཟོག་འགྲེམས་ཁེ་ལས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མངགས་ཐོ་མང་དུ་བཏང་སྟེ་མ་གནས་ཀྱི་གནོན་ཤུགས་ཁ་འགྲེམས་བྱེད་དགོས་ཀྱི་ཡོད། དབུས་ནུབ་རྒྱུད་ཀྱི་ས་ཁུལ་དུ་ཁ་ཤས་ཀྱིས་བཙུགས་པའི་དྲ་ཐོག་ཚོང་དོན་གྲོང་ཚོ་སོགས་ཀྱི་ལས་རྣམ་ལས་ཚང་མའི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་རྒྱུར་ཕན་པ་ཡོད”ཅེས་ཧྲང་ཧའེ་ནོར་དཔལ་སློབ་ཆེན་དྲ་ཐོག་ཚོང་དོན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཚུའེ་ལི་ལི་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།