སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོ་ནི་རྒྱལ་ལམ་219ཡི་འགྲམ་དུ་གནས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་23ཡོད། དེར་དུད་ཚང་38དང་མི་125ཡོད་པ་རེད། རྩ་གྲོང་ཚོའི་ཏང་ཀྲི་པུའུ་རུ་ཏང་ཡོན་27དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མི་5ཡོད་པ་རེད། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་རྩ་གྲོང་ཚོའི་ཏང་ཀྲི་པུས་གོང་རིམ་སྡེ་ཚན་དང་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག གྲོང་ཚོ་ཡོངས་ཀྱི་མང་ཚོགས་མཐུན་སྒྲིལ་བྱས་ནས་ཏང་ཀྲི་པུའུ་དང་རྒྱ་ཆེའི་ཏང་ཡོན་གྱི་འཐབ་འཛིང་མཁར་རྫོང་ནུས་པ་དང་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད།
མང་གྲོས་བློ་བསྡུ་བྱས་ནས་སྤྱི་ཡོངས་འཕེལ་རྒྱས་དང་བསམ་ཕྱོགས་གསལ་པོ་བཟོས་ནས་ཕྱུག་འགྱུར་ལས་ལ་བྲེལ།
རྩ་གྲོང་ཚོ་ནི་2007ལོར་རི་ཁུག་ནས་སྤོས་པའི་གྲོང་ཚོ་གསར་པ་ཞིག་ཡིན་པ་དང་དེར་ཐོན་ཁུངས་འབེལ་པོ་མེད་པ་དང་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ་0.6ཡང་ཟིན་གྱི་མེད། ཇི་ལྟར་བྱས་ནས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུ་ནི་རྩ་གྲོང་ཚོའི་ཏང་ཀྲི་པུས་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་དུ་གྱུར་ཡོད།
2014ལོའི་ལོ་མཇུག་ཏུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཕྱོགས་མང་གིས་མ་དངུལ་སྒོར་ཁྲི་23.2གྲབས་གསོག་བྱས་པ་བརྒྱུད། རྩ་གྲོང་ཚོས་ལ་ཐོག་ཟུར་མཁར་སྤོས་བཟོ་གྲྭ་བཙུགས་པ་དང“ཀྲི་པུའུ་དང་མཉམ་ལས་ཁང་ཟུང་འབྲེལ”གྱི་ཐབས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་བྱས་པ་རེད།
ལ་ཐོག་ཟུར་མཁར་སྤོས་བཟོ་གྲྭ་བཙུགས་པ་ནས་བཟུང་གོང་རིམ་ཏང་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྒོར་ཁྲི་340.2བརྩོན་ལེན་བྱས་ནས་སྒྲིག་ཆས་ཉོ་སྒྲུབ་དང་། འགྲེམས་ཁང་བསྐྲུན་པ། ཐོན་སྐྱེད་འཁོར་ཁང་རྒྱ་སྐྱེད་གཏོང་བ། བཟོ་གྲྭ་རྒྱ་ཆེར་གཏོང་བ། ཐོན་རྫས་དྲིལ་བསྒྲགས་བྱེད་པ། ལག་རྩལ་གསོ་སྦྱོང་སོགས་ཀྱི་ཐད་སྤྱད་པ་རེད། ལོ་ཤས་འབད་འཐབ་བྱས་པ་བརྒྱུད། ལ་ཐོག་ཟུར་མཁར་སྤོས་བཟོ་གྲྭས་ཚོང་ཁང་དང་དྲ་ཐོག་ནས་སྤོས་བཙོངས་པས་ལོའི་ཕྱིར་ཚོང་མ་དངུལ་སྒོར་ཁྲི་84དང་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་40ལྷག་ཙམ་ཟིན་ནས་སྐད་གྲགས་ཆོད་པའི་ཁྱད་ལྡན་ཐོན་ལས་སུ་གྱུར་བ་དང་། 2019ལོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་ཚང་མར་ཆ་སྙོམས་ཡོང་འབབ་སྒོར་15100ལྷག་ཙམ་འབབ་འཕར་བྱུང་ཡོད། ལྷག་པར་དུ་གྲོང་ཚོའི་དུད་ཚང་དབུལ་པོ་18དང་ཉེ་འགྲམ་གྱི་སྐྱེ་གྲོང་ཚོ་དང་ཁྲ་འབག་གྲོང་ཚོའི་དུད་ཚང་དབུལ་པོ་6སྤོས་བཟོ་གྲྭར་ལས་ཀ་བྱས་པ་བརྒྱུད། དབུལ་ཞྭ་ཕུད་ཐུབ་པ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད། མིག་སྔར། ལ་ཐོག་ཟུར་མཁར་སྤོས་བཟོ་གྲྭར་སྔ་རྗེས་སུ“ཉིང་ཁྲི་གྲོང་ཁྱེར་གྱི་ཕུལ་བྱུང་རིག་གནས་ཁེ་ལས”དང“ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔེ་སྟོན་ཁང”སོགས་ཀྱི་མཚན་སྙན་ཐོབ་པ་རེད།
ལེགས་ཆ་འདོན་སྤེལ་བྱས་ནས་ཕུགས་ཕན་གྱི་ཇུས་གཞི་འདིང་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།
མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲས་བཟང་ལོངས་སྤྱོད་ཐུབ་རྗེས། གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་དེ་སྔའི་རྩ་གྲོང་ཚོའི་རྩྭ་རའི་ལེགས་ཆ་དང་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀྱི་སྲོལ་རྒྱུན་ལ་བརྟེན་ནས་གྲོང་ཚོ་དེས་2019ལོར་ཕྱུགས་རིགས་གསོ་ཚགས་ཀུང་སི་དང་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀུང་སི་བཙུགས་པ་རེད། ཕྱུགས་རིགས་གསོ་ཚགས་ཀུང་སིར་ལག་ཡོད་ར་500ལྷག་ཙམ་དང་འབྲི་གཡག་མགོ་གྲངས་50ལྷག་ཙམ་ཡོད་པ་དང་མཉམ་སྡེབ་དོ་དམ་དང་ཆེད་མིས་གསོ་ཚགས་བྱས་པ་བརྒྱུད། 2019ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་36ཟིན་པ་དང་ཁེ་གཙང་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། དེ་དང་དུས་མཚུངས་བོད་སྨན་སྨན་རྩྭ་འདེབས་འཛུགས་བྱེད་སྟངས་མུ་མཐུད་འཚོལ་ཞིབ་བྱས་པ་བརྒྱུད་ལྕ་རྒོད་དང་ད་བྱིད་དཀར་པོ་སོགས་ཚོད་འདེབས་ལམ་ལྷོངས་བྱུང་བ་རེད།
2020ལོར་རྩ་གྲོང་ཚོས་སྣང་རྫོང་རྫོང་ཨུད་དང་། རྫོང་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཤུགས་ཆེན་འོག་མ་དངུལ་སྒོར་ཁྲི་800བཏང་ནས་དེ་སྔའི་གནས་སྤོས་ས་ཚིགས་རྩ་གྲོང་ཚོར་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀྱི་གཞི་ཁྱོན་དང་སྨན་རྩྭ་བསིལ་སྐམ་འཁོར་ཁང་སོགས་བསྐྲུན་པ་རེད། དེ་དང་ཆབས་ཅིག་2020ལོར་མ་དངུལ་སྒོར་ཁྲི་96བརྩོན་ལེན་བྱས་ཏེ་འདྲེ་ཚེར་དམར་པོ་མུའུ་185འདེབས་འཛུགས་བྱས་པའི་ཁྲོད་རྩ་གྲོང་ཚོས་མུའུ་120འདེབས་འཛུགས་བྱས་པ་དང་ཉེ་འགྲམ་གྲོང་ཚོར་མུའུ་65འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
ཕྱུག་པོ་ཆགས་རྗེས་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ།
2020ལོའི་ལོ་འགོར། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རྩ་གྲོང་ཚོའི་ཏང་ཀྲི་པུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བླང་བྱ་མགྱོགས་མྱུར་དང་ལེན་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཏང་ཡོན་ཡོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་བྱ་རྒྱུར་སྣེ་ཁྲིད་བྱས་པ་རེད། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་དུས་དང་རྣམ་པ་ཀུན་ཏུ་གསར་འགྱུར་གྱི་སྒུལ་རྣམ་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་འབྲེལ་ཡོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཤེས་བྱར་དོ་སྣང་བྱེད་པ་དང་། རིམས་འགོག་ཤེས་བྱ་རང་འགུལ་ངང་སློབ་སྦྱོང་ཧུར་ཐག་བྱེད་པ། སྐད་འཕྲིན་སྤྱི་རྟགས་དང་། སྐད་འཕྲིན་ཚོགས་པ། གྲོགས་ཚོགས་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པ། སྣེ་ཁྲིད་ཞིབ་བཤེར། སྣེ་ཁྲིད་དུག་སེལ། མང་ཚོགས་ཀྱི་འཇིགས་སྣང་སེལ་བ། ཁོང་ཚོར་ཡིད་ཆེས་ཆེ་རུ་གཏོང་རོགས་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཧུར་ཐག་ངང་སྤེལ་བ་རེད། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་རྩ་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ཏེ། ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པར་ཞལ་འདེབས་སྒོར་ཁྲི་1བརྒྱབ་པ་དང་ལ་ཐོག་ཟུར་མཁར་སྤོས་བཟོ་གྲྭས་དངུལ་སྨར་སྒོར་ཁྲི་6དང་རིན་ཐང་སྒོར་5000རི་བའི་སྤོས་ཞལ་འདེབས་བརྒྱབ་པ་རེད།