འདི་ལོ་ལོ་69ལ་སླེབས་པའི་ཕུན་ཚོགས་ནི་བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དང་པོ་དེ་རེད། ཁོང་ཁྱིམ་གྱི་མགྲོན་ཁང་གི་ཉལ་ཁྲི་2000ལོའི་8ནས་ད་ཆའི་52བར་མང་དུ་ཕྱིན་པ་དང་ལོའི་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ནས་ད་ལྟའི་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཏེ་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་2000ལས་བརྒལ་གྱི་ཡོད་པས་རང་ཁྱིམ་གྱི་སྒོ་རྩ་ནས“ཡུལ་སྐོར་ཡོང་འབབ”ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
2000ལོ་ཚུན། བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་ཉིང་ཁྲིར་ཡུལ་སྐོར་དུ་ཡོང་མཁན་ཡང་མང་དུ་ཕྱིན་ཡོད་པ་རེད།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཐོག་ཏུ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་མ་ཟད། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མ་དངུལ་བརྩོན་ལེན་བྱས་ཏེ་ཆ་རྐྱེན་ཅུང་ཡག་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཉེ་བའི་གྲོང་གསེབ་ཏུ་འགྲོ་ལམ་དང་། ཟམ་པ། ཁྱིམ་ཚང་མགྲོན་ཁང་བཅས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་འདོད་ཡོད་པའི་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱས་པ་རེད།
ཉིང་ཁྲིར་ལས་བྱེད་པས་སྣེ་ཁྲིད་པ་དང་། སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱིས་སྤྲོ་སེམས་ཆེན་པོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མགྱོགས་མྱུར་ཆགས་ཡོད་པ་རེད།
ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀླུ་ནང་གྲོང་རྡལ་གྱིས་ཀྱང་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་བཟོས་པ་རེད།
ཕུན་ཚོགས་ཀྱིས“འཇོན་ཐང་མེད་པའི་ཁར་གཉེར་སྐྱོང་ཡང་ཤེས་ཀྱི་མེད། སྟབས་ལེགས་པ་ཞིག་ལ་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་རམ་ཡོད་པ་ལས་ངའི་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡང་ཡག་ཏུ་ཕྱིན་སོང”ཞེས་བཤད། ཚོང་གཉེར་གཞི་ཁྱོན་ཆེ་རུ་གཏོང་རྩིས་བྱེད་སྐབས་སྲིད་ཇུས་ཀྱི་ལེགས་ཆ་ལས་ཕུན་ཚོགས་ལ་དངུལ་ཁང་ནས་སྐྱེད་ཀ་དམའ་བའི་དངུལ་བུན་སྒོར་ཁྲི་10རག་པ་རེད།
ད་ཆ་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག་བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་54བར་མང་དུ་ཕྱིན་པ་དང་གྲོང་མིའི་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར།
འདི་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་144.4ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་11.34བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་4.8དང་ལྡབ་6སོ་སོར་འཕར་ནས་2019ལོའི་དུས་མཚུངས་ལས་20.2%དང་4.8%སོ་སོར་འཕར་ཡོད་པ་རེད། ཟམ་མི་ཆད་པར་ཇེ་ལེགས་སུ་འགྲོ་བའི་རྣམ་པ་ལས་ཉིང་ཁྲིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།