དབུ་ཤོག>ཆེད་སྒྲིག
  • གངས་རིའི་འདབས་ཀྱི་དྲན་གསོའི་རྡོ་རིང་ལས“ལམ་གཉིས”ཀྱི་སྙིང་སྟོབས་བརྒྱུད་སྤེལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    ལྷ་སའི་ནུབ་འདབས་ཀྱི་ཆུ་འགྲམ་དུ་དྲན་གསོའི་རྡོ་རིང་ཞིག་འགྱིང་ངེར་གནས་ཡོད། དེ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ཡིན། དྲན་གསོའི་རྡོ་རིང་གི་འགྲམ་དུ་ཐང་ཤིང་སྔོན་པོ་གྲལ་སྟར་འགྲིག་པོས་བཙུགས་འདུག

    བོད་ལ་ཞི་བས་བཅིངས་འགྲོལ་གཏོང་མ་ཐག་པའི་སྐབས་སུ་བློ་མཐུན་མའོ་ཙེ་ཏུང་གིས་དཔུང་སྡེར“དཔུང་སྐྱོད་བྱེད་ཞོར་དུ་ལམ་བཟོ་དགོས་པའི”འབོད་སྐུལ་གནང་ཡོད། 1954ལོའི་ཟླ་ལྔ་པར་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མུའུ་ཧྲེང་ཀྲུང་གིས་བཟོ་པ་1200ཙམ་གྱི་སྣེ་ཁྲིད་དེ་འཇོར་དང་སྦྱག་མར་བརྟེན་ཏེ་མཚོ་སྔོན་གོར་མོ་ནས་འཛམ་གླིང་ཡང་རྩེའི་ཕྱོགས་སུ་ལམ་བཟོ་འགོ་ཚུགས།

    བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་སྦྱག་མ་འདི་འདྲ་ཞིག་ཉར་ཚགས་བྱས་ཡོད་པ་སྟེ། ལྕགས་ལ་བཙའ་བརྒྱབ་ནས་སེར་པོ་སེར་རྐྱང་ཆགས་ཡོད་པ་དང་། ཡུ་བ་ཆག་ནས་རུལ་ཡོད། འདི་ནི་ཁྲོན་བོད་གཞུང་ལམ་བཟོ་སྐབས་འཐབ་འཛིང་པ་ཚོས་སྤྱོད་མྱོང་བའི་ལག་ཆ་རེད། གཞན་ཡང་ལམ་བཟོ་དམག་མི་ཚོས་སྤྱོད་མྱོང་བའི་ལག་ཆའི་གྲས་སུ་ཐོ་བ་དང་། ལྕགས་ཧྲེང་། འཇོར་སོགས་ཡོད།

    “ཨེར་ལེང་ཧྲན་རི་བོའི་བྲག་རི་གཡང་གཟར་གྱི་རི་སྐེད་དུ་འཐབ་འཛིང་པ་ཚོས་གཅིག་གིས་གཟོང་འཇུ་བ་དང་གཞན་དེས་ཐོ་བ་གཞུས་ནས་ལམ་བཟོས་པ་དང་། སྤྱི་ལེ་རེར་ལམ་བཟོ་བ་བདུན་ཙམ་གྱི་རང་སྲོག་བློས་གཏོང་བྱེད་རྒྱུ་རིན་དོད་དུ་བྱས་ཏེ་གཡང་གཟར་དུ་མཁའ་ལམ་ཞིག་བསྐྲུན་ཡོད”ཅེས་བོད་དམག་ཁུལ་ཁང་དམག་དོན་ལོ་རྒྱུས་ཁང་གི་འགྲེལ་བཤད་པ་ལི་ཁྲེན་གྱིས་བཤད།མཚོ་བོད་གཞུང་ལམ་སྐྲུན་སྐབས་མུའུ་ཧྲེང་ཀྲུང་གིས་སྦྱག་མའི་ཡུ་བར“མུའུ་ཧྲེང་ཀྲུང་གི་བང་སོ”ཞེས་བརྐོས་ཡོད། ཁོང་གིས་གལ་སྲིད་ང་ལམ་འདིར་སྲོག་ཤོར་ན་འདི་ནི་ངའི་བང་སོའི་རྡོ་རིང་ཡིན། ལམ་གང་དུ་བཟོས་ཚར་ན་ང་དེ་རང་དུ་སྦས་རོགས་ཞེས་ལྷ་སའི་ཕྱོགས་སུ་བལྟས་ནས་བསྡད་པའི་པར་རིས་ཤིག་དམག་དོན་ལོ་རྒྱུས་ཁང་ནས་མཐོང་རྒྱུ་ཡོད།

    ཁྲོ་ལའི་ལམ་བཟོ་ཡུལ་དུ་ལོ་25ལ་སླེབས་པའི་ཀྲང་ཧྥུའུ་ལིན་བྲག་རྡོ་ཆེན་པོ་ཞིག་གིས་མནན་ནས་ཁྲག་དམར་ཆིལ་ལེར་འཁྱིལ་ཡོད། ལེན་ཤོག་གི་ཁྲིད་སྟོན་པས་སྨན་པ་བཀོད་སྒྲིག་བྱས་ནས་མྱུར་སྐྱོབ་བྱེད་སྐབས་ཁོང་གིས“ང་ལ་རྨས་སྐྱོན་ཚབས་ཆེན་ཕོག་བྱུང་། གསོན་པའི་རེ་བ་མི་འདུག ཁབ་མ་རྒྱག་རོགས། རྒྱལ་ཁབ་ལ་ཁབ་གཅིག་གྲོན་ཆུང་གནང་རོགས”ཞེས་བཤད།

    བོད་ལྗོངས་དཔའ་ཤོད་རྫོང་གི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་འགྲམ་དུ་ཟམ་གདན་ཞིག་ཁེར་རྐྱང་དུ་འགྱིང་ངེར་གནས་ཡོད། རྟག་ཏུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་སྐབས་དུང་བརྡ་བཏང་ནས་གུས་སེམས་མཚོན་པར་བྱེད་ཀྱི་ཡོད། དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་ངོ་སྤྲོད་བྱས་པར་གཞིགས་ན། བཟོ་དམག་ཐོན་ཤོག་ལྔ་པའི་འཐབ་འཛིང་པ་ཞིག་ཟམ་པ་སྐྲུན་སྐབས་ངལ་དུབ་ཆེ་དྲགས་པའི་དབང་གིས་སྟབས་མ་ལེགས་པར། ལུགས་རྒྱག་བཞིན་པའི་ཟམ་གདན་ནང་ལྷུངས་ནས་ནམ་ཡང་མི་ནུབ་པའི་དྲན་གསོའི་རྡོ་རིང་དུ་གྱུར།

    ཟམ་གདན་ཕར་ངོགས་ཀྱི་བྲག་ངོས་སུ《ལྡིང་དཔོན་ཆུར་མཆོངས་འདྲ་པར》གསལ་པོར་མཐོང་རྒྱུ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དེ་དུས་དམག་སྡེ་བཅོ་བརྒྱད་པའི་ཐོན་ཤོག་162པའི་ལྡིང་ཤོག་ཅིག་གིས་རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་རྫས་མེ་སྤར་ནས་ལམ་གཤོང་སྐབས། གྲོག་རོང་དུ་གབ་ས་ཡིབ་ས་མེད་པའི་དབང་གིས་རྡོ་ཐོར་ནས་ལྡིང་དཔོན་གཅིག་པུ་ལས་ལྷག་མེད་པར། དེ་བྱིངས་ལམ་བཟོ་བ་གཞན་དག་ཚང་མའི་རང་སྲོག་ཤོར། རི་གཏོར་བའི་ལས་འགན་ལེགས་གྲུབ་ཟིན་རྗེས་འཐབ་གྲོགས་མང་པོའི་རིན་བྲལ་ཚེ་སྲོག་ཤོར་བར་ལྡིང་དཔོན་ཡིད་གདུང་དྲག་པོ་སྐྱེས་ཏེ། དྲག་ཏུ་རྒྱུག་པའི་རྒྱལ་མོ་རྔུལ་ཆུའི་ནང་མཆོངས་ནས་ང་ཚོ་དང་ནམ་ཡང་ཁ་གྱེས།

    འདི་ནི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པའི་མཁའ་ལམ་གཉིས་ཡིན་པ་གངས་རིས་དཔང་པོ་བྱེད་སྲིད།

    1954ལོའི་ཟླ་12ཚེས་25ཉིན་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དུས་མཉམ་དུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། འཛམ་གླིང་ཡང་རྩེ་བརྒྱུད་པའི་གཞུང་ལམ་གཉིས་ནི་དཀར་གཙང་གི་ཁ་བཏགས་གཉིས་དང་འདྲ་བར་གངས་ལྗོངས་ས་མཐོ་དང་མེས་རྒྱལ་ནང་ས་དམ་པོར་སྦྲེལ། ལམ་ཐག་ཧྲིལ་པོར་སྤྱི་ལེ་4360ཡོད་པའི་གཞུང་ལམ་སྐྲུན་སྐབས་རང་སྲོག་བློས་བཏང་བའི་འཐབ་འཛིང་པ་3000ལྷག་ཙམ་ནམ་ཡང་མཁའ་ལམ་དུ་གནས་པའི་མཛད་རྗེས་རྡོ་རིང་དུ་གྱུར།

    ད་ཆ་ཁྲོན་བོད་གཞུང་ལམ་དང་། མཚོ་བོད་གཞུང་ལམ། མཚོ་བོད་ལྕགས་ལམ། ལམ་རྒྱུད་གནམ་ཐང་བཅས་དང་ད་དུང་ཤང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་དང་ཨར་འདམ་ལམ་ཡང་ཡོད་པས། བོད་ནས་འགྲོ་འོང་བྱེད་པའི་སྟབས་བདེ་ལ་ནུས་པ་མང་བའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།