ཉེ་ཆར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཡོན་བློ་མཐུན་ཚང་མས་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་གནས་ལུགས་ཤེས་པ་དང་ཡིད་ཆེས་འཕེལ་བ་བྱེད་པ་མ་ཟད། ལོ་རྒྱུས་སློབ་སྦྱོང་ལ་འབད་འབུངས་བྱ་དགོས་ཚུལ་ནན་བཤད་གནང་ཡོད། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་མཚམས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་སྐབས་དང་དུས་ལ་བབ་པ་ལོས་ཡིན། དེར་བརྟེན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་ལས་ཆུ་ཚད་མཐོ་རུ་དང་སློབ་སྦྱོང་ལས་གྲུབ་འབྲས་ཐོན་པ་བྱེད་དགོས།
དད་སེམས་བརྟན་དུ་གཏོང་དགོས། ལོ་བརྒྱའི་ཀྱག་ཀྱོག་ལམ་བུའི་ཁྲོད་འབད་འཐབ་ཀྱིས་གཟི་བརྗིད་གཏོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གིས་དཀའ་ངལ་ཁྱད་བསད་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཐོག རླབས་ཆེན་གྱི་མེས་རྒྱལ་རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཡོད་ལ། རྒྱ་ཆེའི་མི་དམངས་རྣམས་ལྟོ་གོས་མི་འདེང་བ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། དབུལ་པོ་དབུལ་རྐྱང་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བར་བླ་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད་སྟབས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་ལོ་རྒྱུས་དངོས་ལས་ར་སྤྲོད་གསལ་པོ་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སྔར་བས་སློབ་སྦྱོང་བརྒྱུད་མུ་མཐུད་དད་སེམས་དང་ལངས་ཕྱོགས་སྲ་བརྟན་བཏང་ནས་ཐེ་ཚོམ་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཆོད་དོན་ལ་བརྩི་བཀུར། དེ་བཞིན་རང་སོ་སོའི་ལས་གནས་ཐོག་གི་ལས་འགན་ལེགས་སྒྲུབ་བྱེད་དགོས།
ཏང་ལ་ལྷག་བསམ་ཟོལ་མེད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ལ་ཁ་ཞེ་གཉིས་མེད་བྱེད་པ་ནི་ཆབ་སྲིད་ཀྱི་ཚད་གཞི་ཡིན་ལ། ལག་ལེན་དངོས་ཀྱི་རེ་བ་ཡང་ཡིན། ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་དཔོན་པོ་དག་གི་ཚུལ་མིན་དང་བག་མེད་ཀྱི་བྱ་སྤྱོད་ལས་ཚད་ངེས་ཅན་གྱི་ཐོག་ནས་ཚང་མ་ཆབ་སྲིད་ཐོག་གནས་ཚུལ་ལྷག་པ་གསལ་པོ་བསྟན་ཡོད། དེས་ན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྒྱུད་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྔོན་ཐོན་མི་སྣ། སྔོན་ཐོན་དཔེ་བཟང་གི་བྱས་རྗེས་ཁྲོད་ཀྱི་སྙིང་བཅུད་དག་ཉམས་ལེན་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་གྱི་དད་སེམས་བརྟན་པོ་བཙུགས་ཏེ་ཕྱི་གསལ་ནང་གསལ་དང་ཁ་ཞེ་གཉིས་མེད་ཀྱི་མི་ཞིག་བྱེད་དགོས།
འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་དེའང་འབད་འཐབ་ཀྱི་ལོ་རྒྱུས་ཤིག་རེད། དཀའ་ཉེན་རབ་དང་རིམ་པ་ཁྱད་བསད་བྱས་པས་གྲུབ་འབྲས་ཀྱང་རླབས་པོ་ཆེ་ཐོབ་ཡོད། དེང་གི་གོ་ལ་ཧྲིལ་པོ་ལོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་རླབས་ཆེན་འཕོ་འགྱུར་གྱི་དུས་བབས་གལ་ཆེན་ཞིག་ཏུ་སླེབས་ཡོད་ལ། རང་རྒྱལ་ཡང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། སླད་ང་ཚོས་སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལས་མུ་མཐུད་མི་རབས་ནས་མི་རབས་བརྒྱུད་པའི་གུང་ཁྲན་ཏང་མིའི་དཀའ་ཉེན་ལ་མི་སྐྲག་པ་དང་འགན་འཁྲི་འཁུར་ཕོད་པ། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་ཕུལ་བྱུང་གི་གཤིས་རྒྱུད་དེ་དར་རྒྱས་བཏང་ཐོག་དཀའ་བ་སྟོང་ལས་རྒྱལ་བའི་ཆོད་སེམས་བརྟན་པོ་བཅངས་ཏེ་བྱ་གཞག་ལེགས་སྒྲུབ་དང་གསར་གཏོད་ཡར་བརྩོན་བྱེད་དགོས།
དམངས་དོན་གཉེར་ཤུགས་ཆེ་རུ་གཏོང་དགོས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་འཛིན་ཏེ་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་མཐར་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་དང་ཐོབ་མུས་ཡིན། དེར་བརྟེན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྒྱུད“ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ”བཅས་ཀྱི་གནད་དོན་ཐད་ལན་ཡག་པོ་འདེབས་ཐུབ་པ་བྱེད་དགོས། དེ་ལྟར་དམངས་ཀྱི་ཆེད་དུ་ལས་དོན་གཉེར་བའི་ལག་ལེན་དངོས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ཐོག སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཀྱི་སེམས་ཁྲལ་དང་སེམས་ནད་སེལ་རོགས་བྱེད་དགོས་ལ། སློབ་སྦྱོང་གི་གྲུབ་འབྲས་ཀྱང་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ཐབས་བྱས་ཏེ་སློབ་སྦྱོང་དང་ལས་དོན་ཁ་བྲལ་བའམ་དོན་མེད་སྟོང་བཤད་སོགས་ལ་སྔོན་འགོག་བྱེད་དགོས། (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཀུན་བཟང)