དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཆུ་གློག་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་སུན་དབྱིང་ཅེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-26

    སུན་དབྱིང་ཅེ། 1942ལོར་སྐྱེས། ཧོ་པེ་ཆུས་དབྱང་གི་མི། 1965ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1967ལོར་པེ་ཅིང་ཞིང་འཕྲུལ་སློབ་གླིང་ཆུ་བེད་ཚན་ཁག་ནས་སློབ་གྲྭ་ཐོན་རྗེས་ལས་ཀར་ཞུགས། 1969ལོར་རྩ་འཛུགས་ནས་སུན་དབྱིང་ཅེ་སྙེ་མོ་རྫོང་དུ་ལས་ཀར་མངགས།

    སྙེ་མོར་སླེབས་མ་ཐག་པའི་སྐབས་སུ། རྫོང་ཡོངས་སུ་གློག་ཁང་གཅིག་ཀྱང་མེད་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གློག་ཁང་བསྐྲུན་པར་ཇུས་འགོད་པ་མེད་པའི་ཐད་སེམས་ཁྲལ་བྱེད་བཞིན་ཡོད་པས་སུན་དབྱིང་ཅེས་རང་འགུལ་ངང་རྣམ་གྲངས་དེའི་ཇུས་འགོད་ལས་ཀའི་འགན་འཁུར། རི་མོ་འབྲི་བའི་ཡོ་བྱད་མེད་ཀྱང་སོ་སོས་ཉོ་ཡི་ཡོད། ཁོང་གིས་རྟག་ཏུ་ཞིང་པ་ལས་མི་ཚོ་དང་མཉམ་དུ་འཛུགས་སྐྲུན་རྒྱུ་ཆ་ཕྲག་པ་དང་སྒལ་པར་ཁུར་ནས་དབོར་བ་དང་ལས་ཡུལ་དུ་ཟས་སྡོད་བྱས་ནས་སྡོད་ཀྱི་ཡོད། རི་མོ་ཇུས་འགོད་དང་། ཨར་སྐྲུན། བཀོད་འདོམས། ཞིབ་བཤེར་རྩིས་ལེན་བཅས་ཀྱི་ལྷུ་ཚིགས་ཚང་མར་ཁོང་གིས་སེམས་ནུས་ཡོད་རྒུ་འདོན་གྱི་ཡོད། གྲང་ལྷགས་ཀྱིས་རུས་པར་ན་ཟུག་རྒྱག་པའི་དགུན་དུས་སུ་མདོང་ལམ་གས་ནས་ཆུ་འཛིར་བས་ཁོང་གིས་འཕྲལ་མར་ལག་ཆ་འཁྱེར་ཏེ་ཉམས་གསོ་བྱེད་པ་དང་། ལུས་པོ་ཆུས་སྦངས་ནས་འཁྱག་པ་ཐེབས་ཀྱི་ཡོད། ཟླ་བ་འགའ་ཤས་འབད་བརྩོན་བྱས་པ་བརྒྱུད་གློག་ཁང་ལས་མཇུག་འགྲིལ་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་སྣུམ་བཞུ་དང་ཡང་ལཱ་སྤོར་བའི་ལོ་ཟླ་དང་གྱེས་ལ་སྙེ་མོ་རྫོང་ལ་གློག་མེད་པའི་ལོ་རྒྱུས་ཀྱང་མཇུག་འགྲིལ་བ་རེད། ཤེལ་ཏོག་འོད་ལྷམ་མེར་སྤར་བ་དང་སྦྲགས་ཚང་མ་དགའ་འབོད་ཀྱིས་ཁེངས། འོན་ཀྱང་གློག་ཁང་ལས་མཇུག་འགྲིལ་རྗེས་སུན་དབྱིང་ཅེར་འགྲན་སློང་གསར་པ་ཞིག་འཕྲད་པ་སྟེ། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཟིན་པའི་ཆུ་ཡུར་ལ་འཁྱག་པ་བརྒྱབ་ཅིང་། གློག་རྒྱུན་མཐུད་གཏོང་དགོས་ན་ངེས་པར་དུ་མཚན་མོ་ཆེད་མངགས་ཆུ་འདྲེན་མདོང་ལམ་ནས་ཆུ་སྒོ་བར་གྱི་སྨི་500སའི་འཁྱག་པ་གཏོར་ནས་འདོན་དགོས། དེ་ལྟར་མ་བྱས་ཚེ་འཁྱག་པས་ཡུར་བུ་འགགས་ཏེ་གློག་ཆད་ཀྱི་ཡོད། སུན་དབྱིང་ཅེས་དགེ་ཕྲུག་ཁ་ཤས་ཁྲིད་དེ་རེས་མོས་ཀྱིས་འཁྱག་པ་གཏོར་ནས་བཏོན་ཅིང་། སྐབས་རེ་ཁོ་ཚོ་རུས་ཟུག་རྒྱག་པའི་ཆུ་གྲང་མོར་འཛུལ་དགོས་ཀྱི་ཡོད་པས་འཁྱག་པས་རྐང་པར་རྨ་བཟོ་བ་མ་ཟད་ལག་པ་དང་དཔུང་པར་འཁྱག་སྦོས་ཀྱང་ཐེབས་ཀྱི་ཡོད། དེ་ལྟར་མཚན་མོ་རེ་རེར་རྫོང་ཡོངས་ཀྱི་མང་ཚོགས་ཁྱིམ་དུ་གློག་ཁང་འདི་ནས་འོད་སྣང་སྦྱིན་གྱི་ཡོད།

    གློག་ཁང་རྒྱུན་གཏན་ལྟར་འཁོར་རྒྱུག་བྱུང་རྗེས། སུན་དབྱིང་ཅེ་ཡང་ཤར་རླུང་ཆུ་བེད་ཀྱི་རྩད་ཞིབ་ཐིག་ལེན་དང་ཨར་སྐྲུན་ལ་ཞུགས། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་རི་སྟེང་དུ་ཁོང་ཉིན་ལྟར་སྤྱི་ལེ་30ལྷག་ཙམ་འགྲོ་འོང་བྱེད་དགོས་ཀྱི་ཡོད། བྱེ་རླུང་གིས་ངོ་གདོང་གི་སྔུན་བསུས་ཏེ་སྣ་ཁུང་དང་། སོ། རྣ་ཅོག་བཅས་སུ་བྱེ་མ་འཛུལ་བ་དང་། གདོང་ལས་པགས་པ་བུད་པ། ལག་པར་རྨ་མེད་ན་འཁྱག་སྦོས་ཐེབས་པ། མཆུ་ཏོ་གས་ནས་དགོད་ཙམ་བྱས་ཀྱང་ཁྲག་དོན་ཏེ་ན་ཟུག་གཏོང་བས་ཁ་ཕྲན་བུ་གདངས་ཏེ་རྩམ་པ་ཏོག་ཙམ་ཏོག་ཙམ་བྱས་ནས་མ་གཏོགས་ཟ་ཐུབ་ཀྱི་མེད། ཁོར་ཡུག་གི་ཆ་རྐྱེན་ཞན་པོ་འདི་འདྲའི་འོག་ཁོང་གིས་བཟོ་པ་ཚོ་ཁྲིད་དེ་རྩད་ཞིབ་ཐིག་ལེན་དང་ཆུ་འགོ་བཙལ་ནས་རྒྱ་ཁྱོན་ཚད་ལེན་ཚོད་རྩིས་བྱེད་ཀྱི་ཡོད། ཐེངས་ཤིག་རྩད་ཞིབ་ཐིག་ལེན་བྱེད་སྐབས་སུན་དབྱིང་ཅེའི་རྐང་པ་གཡོན་མ་འབར་འབུར་གྱི་བྲག་རྡོར་བཤུད་དེ་ཁྲག་དམར་ཆིལ་ལེར་ཐོན་པ་མ་ཟད་རུས་པའང་ཕྲན་བུ་མཐོང་གི་ཡོད། སྨན་ཁང་དུ་བསྐྱོད་དེ་རྨ་རས་བཅིངས་ནས་འཁར་རྒྱུག་འཛུགས་དགོས་ཡང་ཉིན་གཉིས་པར་སླར་ཡང་རྩད་ཞིབ་ཐིག་ལེན་བྱེད་སར་བསྐྱོད། དེ་ལྟར་ཟླ་བ་འགའ་ཤས་དཀའ་སྡུག་མྱངས་པ་བརྒྱུད་ཆུ་བེད་ཀྱི་རྩད་ཞིབ་ཐིག་ལེན་ལས་འགན་ལེགས་གྲུབ་བྱུང་། ཁོང་གིས་སྙེ་མོ་རྫོང་དུ་ལས་ཀ་ལོ་18གནང་རིང་། ཆུ་གློག་ལས་གྲྭ་ཁག་85ཡི་གཙོ་འགན་ཁུར་ནས་བསྐྲུན་པའི་ནང་། ཆུ་ཤུགས་གློག་ཁང་འབྲིང་ཆུང་6དང་། ཟམ་པ་དང་ལམ་འོག་གི་ཆུ་འགྲོ་77 ཆུ་མཛོད་2བཅས་ལ་ཁོང་གཅིག་པུས་ཇུས་འགོད་གནང་བ་མ་ཟད། ཨར་སྐྲུན་གྱི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་ཡོད། ཆུ་བེད་ལས་གྲྭ་འདི་དག་ལས་སྙེ་མོ་རྫོང་ལྗོངས་ཡོངས་སུ་ཆུ་བེད་ཅན་མངོན་འགྱུར་གྱི་རྫོང་སྔ་ཤོས་སུ་གྱུར་ཡོད། 1978ལོར། སུན་དབྱིང་ཅེ་རྒྱལ་ཡོངས་ཆུ་བེད་འཐབ་ཕྱོགས་ཀྱི་སྔོན་ཐོན་ལས་དོན་པ་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་འཐབ་ཕྱོགས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

    1986ལོར་སྙེ་མོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་སུན་དབྱིང་ཅེ་རྩ་འཛུགས་ནས་ཆབ་མདོའི་སྲིད་འཛིན་ཀུང་ཧྲུའུ་རུ་ཀྲོན་ཡོན་གཞོན་པ་དང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བར་བཏང་སྟེ་ཞིང་ལས་དང་ས་ཁུལ་གྱི་སྐྱེལ་འདྲེན་ཀུང་སིར་དོ་དམ་གནང་། བོད་རང་སྐྱོང་ལྗོངས་ཀྱི“བདུན་ལྔ”གཙོ་གནད་ལས་གྲྭའི་མཛོ་སྒང་གློག་ཁང་སྐྲུན་རིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་སུན་དབྱིང་ཅེ་སྤྱི་ཁྱབ་བཀོད་འདོམས་དཔོན་ལ་བསྐོ་བའི་དམིགས་འཛུགས་མིང་འདོན་བྱས། སུན་དབྱིང་ཅེས་འགན་འཁྲི་ཆུད་ཟོས་སུ་མ་བཏང་བར་ས་བབ་མཐོ་ཚད་སྨི་4000ལྷག་ཟིན་པའི་ལས་ཡུལ་དུ་ཨར་པོ་བ་ཁྲིད་དེ་ལོ་གཉིས་དཀའ་བ་སྤྱད་མཐར་དུས་བཀག་ལྟར་གློག་ཁང་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས། ཡུན་རིང་གསོ་རླུང་མི་འདང་བའི་རྐྱེན་གྱིས་སུན་དབྱིང་ཅེའི་ཁྲག་རྡུལ་འབོར་ཆེན་ཆག་སྟེ་རྟག་ཏུ་སྣ་ཁྲག་དོན་པ་དང་སྐབས་རེ་སྣ་ཁུང་བཀག་ཀྱང་ཁ་ནས་དོན་གྱི་ཡོད། ཁྲག་ཤེད་40-70བར་ཆག་ནས་རྐང་པར་སྨུག་ཐིག་དོན་པ་དང་ངོ་གདོང་སྐྱ་བོར་གྱུར་ནས་མཆིན་པར་ན་ཟུག་བཏང་ཡང་སྡུག་རུས་ཀྱིས་སྨན་བཟས་ནས་ལས་ཀ་རྒྱུན་འཁྱོངས་གནང་གི་ཡོད། མི་རིང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གཙང་པོ་གཅིག་དང་ཆུ་བོ་གཉིས”རྒྱུག་ཁུལ་དུ་གསར་སྤེལ་བྱེད་པའི་ཐག་བཅད། རང་སྐྱོང་ལྗོངས་ཀྱིས་བོད་ཀྱི“གཙང་པོ་གཅིག་དང་ཆུ་བོ་གཉིས”གསར་སྤེལ་འཛུགས་སྐྲུན་གཞུང་ལས་ཁང(བསྡུས་མིང་ལ་གཙང་ཆུ་གཞུང་ལས་ཁང་ཞེས་ཟེར)འཕྲལ་མར་བཙུགས་ཤིང་། སུན་དབྱིང་ཅེས་ཀྲུའུ་རེན་གཞོན་པའི་འགན་ཁུར། བྲེལ་འཚུབ་ཆེ་བའི་ལས་ཀའི་ཁྲོད་མཆིན་པར་རྒྱུན་དུ་ན་ཟུག་གཏོང་གི་ཡོད་མོད། ལས་རོགས་ཚོར་ཁོང་གིས་མཆིན་པ་ན་བའི་སྐོར་ཅི་ཡང་གླེང་མྱོང་མེད། ཁོང་གི་བཟའ་ཟླས་ཀྱང་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་པའི་ཁ་ཏ་ཐེངས་མང་བྱས་ཀྱང་། ལས་ཀར་མགོ་འཁོར་ནས་ནད་གཞི་བརྟག་དཔྱད་བྱེད་ཁོམ་བྱུང་མེད། 1994ལོ་དང་1995ལོར་སུན་དབྱིང་ཅེ་ལ“རྒྱལ་ཁབ་ཀྱི་ཕུལ་བྱུང་གཞུང་ལས་པའི”མཚན་སྙན་བསྟུད་མར་ཐོབ་པ་དང་། 1996ལོའི་ཟླ་8པར་སུན་དབྱིང་ཅེ་ཆུ་བེད་པུའི་རིགས་གཅིག་མཁས་ཅན་ཚོ་དང་མཉམ་དུ་རྟོག་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱེད་དགོས་པའི་རྣམ་གྲངས་ཐད་ཉིན་བཅུ་གྲངས་བྲེལ་བས་མཆིན་པའི་ནད་དེ་བས་འགན་ལྕི་རུ་སོང་རུང་ཁོང་གིས་བཟོད་བསྲན་བྱས་ནས་བསྡད། ཟླ་8ཚེས་17ཉིན་ཆུ་བེད་པུའི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་ཚོ་ལོག ཉིན་གཉིས་པར་ཁོང་གིས་ཡང་བསྐྱར་རུ་སྣེ་ཁྲིད་ནས་ཁྲང་ཁྲུན་དུ་ཆུ་བེད་པུས་ཧྲའན་ཤིས་ལྷོ་རྒྱུད་ས་ཁུལ་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ལ་ཞིབ་བཤེར་བྱེད་པར་མཉམ་དུ་བསྐྱོད། ཚོགས་འདུ་འཚོག་རིང་མཆིན་པར་ན་ཟུག་ཆེན་པོ་བཏང་བས་ཚོགས་ར་ནས་ཐོན་ཏེ་ཉལ་ཁང་དུ་ངལ་གསོ་ཕྲན་ཙམ་བརྒྱབ་ནས་ཚོགས་འདུ་མ་གྲོལ་བར་དུ་སྡུག་རུས་བྱས་པ་དང་། དེ་ནས་སྨན་ཁང་དུ་བརྟག་དཔྱད་བྱས་རྗེས་མཁྲིས་སེར་ཚད་གཞི་རྒྱུན་ལྡན་གྱི་མི་ལས་ལྡབ་30ཡིས་མཐོ་བས་ལྷ་སར་འབྱོར་བའི་ཉིན་མོར་སུན་དབྱིང་ཅེ་སྨན་ཁང་དུ་ལུས།

    སྨན་ཁང་དུ་སྡོད་རིང་ནད་གཞི་ཡང་དུ་མ་ཕྱིན་པས་ཁྲེང་ཏུའུ་སྨན་ཁང་བཅུ་པར་སྨན་བཅོས་བྱེད་པར་བསྐྱོད། ཟླ་10ཚེས་14ཉིན་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ལོ་53ལ་སླེབས་པའི་སུན་དབྱིང་ཅེ་སྨན་ཁང་དུ་སྐུ་གཤེགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲེལ་ཡོད་མི་སྣ་མངགས་ནས་ཁྲེང་ཏུའུ་རུ་སུན་དབྱིང་ཅེ་སྐུ་གཤེགས་པར་མྱ་ངན་ཞུ་བའི་ཚོགས་ཆེན་འཚོགས་ཤིང། བོད་ཀྱི་རི་ཀླུང་གང་སར་སུན་དབྱིང་ཅེའི་ལས་གཅེས་ལས་བཀུར་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བའི་གཟུགས་བརྙན་དང་རྐང་རྗེས་ཀྱིས་ཁེངས་ཡོད་པས་མི་རྣམས་ཀྱིས་བོད་ཀྱི་ཆུ་གློག་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་ལས་བྱེད་པ་བཟང་པོ་འདིར་དུས་ནམ་ཡང་རྗེས་དྲན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།