ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།
8 ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ངོ་སྤྲོད་མདོར་བསྡུས།
1956ལོའི་ཟླ་9ཚེས་15ནས་27ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་འཐུས་མི་1021ཞུགས་པ་དང་འཐུས་མི་5དགོངས་ཞུ་གནང་བ་དང་། འཐུས་མི་107ཚོགས་འདུར་ཟུར་བཞུགས་གནང་བ་རེད། མའོ་ཙེ་ཏུང་གིས་འགོ་ཚུགས་ཤིས་ཚིག་བསྒྲོན་པ་དང་། ལིའུ་ཧྲའོ་ཆི་ཡིས་ཆབ་སྲིད་སྙན་སྒྲོན་གནང་བ། ཏེང་ཞའོ་ཕིང་གིས《ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་སྒྲོན》གནང་བ། ཀྲོའུ་ཨེན་ལའེ་ཡིས《རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ལོ་ལྔ་ཚན་གཉིས་པའི་འཆར་གཞིའི་གྲོས་འགོའི་སྐོར་གྱི་སྙན་སྒྲོན》གནང་བ་རེད། ཚོགས་ཆེན་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་རྗེས་རྒྱལ་ནང་གི་འགལ་ཟླ་གཙོ་བོར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཕྱི་འབྲེལ་བཅས་ཀྱི་ལས་དོན་གྱི་མཛད་ཕྱོགས་རབ་དང་རིམ་པ་གཏན་འཁེལ་བྱས་པ། སྲིད་འཛིན་ཏང་འཛུགས་སྐྱོང་གི་གནད་དོན་བཏོན་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་མཉམ་སྡེབ་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། མི་སྒེར་ལ་དད་བཀུར་བྱེད་རྒྱུར་ངོ་རྒོལ་བྱེད་པ། ཏང་ནང་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་གཏོང་བ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གིས་སྲིད་འཛིན་ཏང་གི་ཁྱད་ཆོས་མངོན་པ་དང་། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ནན་བཤད་བྱས་ནས་རྒྱལ་ཡོངས་དང་། ཞིང་ཆེན། རྫོང་བཅས་རིམ་པའི་འཐུས་མི་ཚོགས་ཆེན་གྱི་ལས་འགན་རྒྱུན་འཛིན་ལམ་ལུགས་གཏན་འབེབས་བྱས་ཡོད། ཚོགས་ཆེན་ཐོག《ཆབ་སྲིད་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང《རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་གཉིས་པའི་འཆར་གཞིའི་སྐོར་གྱི་གྲོས་འགོར》གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ཐོག་ཨུ་ཡོན་97དང་རྗེས་སྣོན་ཨུ་ཡོན་73ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཡོད། དེ་རྗེས་འཚོགས་པའི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། མའོ་ཙེ་ཏུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། ལིའུ་ཧྲའོ་ཆི་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཁྲེང་ཡོན་བཅས་ཀྲུའུ་ཞི་གཞོན་པར་བདམས་པ། ཏེང་ཞའོ་ཕིང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ། ཨུ་ཡོན་17དང་རྗེས་སྣོན་ཨུ་ཡོན་4ལས་གྲུབ་པའི་ཀྲུང་དབྱང་ལྟ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ་རེད།
(མུ་མཐུད་འགོད་རྒྱུ)