2012ལོའི་ཟླ་6པར། སློབ་ཆེན་ཐོན་མ་ཐག་པའི་ཝུའུ་ཞའོ་ཞང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཞོལ་སྡེ་ཁུལ་གྱི་ཉེན་དོན་ཁང་དུ་ལས་བགོས་བརྒྱབ་རྗེས་དྲ་མིག་གསུམ་པའི་མི་དམངས་ཉེན་རྟོག་པའི་ལས་འགན་འཁུར། ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དྲ་མིག་ཅན་དང“གཉིས་ལྡན་དུད་སྦྲེལ”ལས་དོན་རྨང་གཞིར་བྱས་པའི་སྡེ་ཁུལ་གྱི་ཉེན་དོན་ལས་དོན་མ་ལག་གསར་གཏོད་ལག་བསྟར་བྱས་པས། “སྡེ་ཁུལ་ཉེན་དོན་ཁང་དང་། དྲ་མིག དུད་སྦྲེལ་ཚན་པ”བཅས་ཟུང་དུ་འབྲེལ་བའི་བདེ་འཇགས་འགོག་ཟོན་ལམ་སྲོལ་གྲུབ་ཡོད། ཝུའུ་ཞའོ་ཞང་གིས་འགན་འཁུར་བའི་ཞོལ་སྡེ་ཁུལ་གྱི་དྲ་མིག་གསུམ་པར་སྡེ་ཁུལ་གྱི་རྒྱུན་སྡོད་གྲོང་མི་དང་། བོཌ་གཏོང་དུད་ཚང་། ཚོང་དུད་བཅས་གཙོ་བོར་བྱས་པའི་ཕྱོཌ་མི་མང་པོ་ཡོད་པ་རེད།
“ཨ་ཅག ཕྱིར་འགྲོ་དུས་སྒོ་ལྕགས་རྒྱག་རྒྱུ་མ་བརྗེད་པ་དང་། སོལ་རླངས་དང་གློག་ངེས་པར་དུ་གསོད་ཨང”“རྨོ་བོ་ལགས། ཁྱེད་རང་སྡེ་ཁུལ་དུ་ལག་ཁྱེར་གཉེར་བར་ཕེབས་བདེ་པོ་མེད་པས་ང་ལ་ཁ་པར་རྒྱོབས་དང་། ངས་ཕར་ཡོང་ནས་ཆ་འཕྲིན་འཚོལ་བསྡུ་བྱས་ཆོག”གཞི་རིམ་གྱི་སྡེ་ཁུལ་དུ་ལོ་8ལྷག་ཙམ་ལས་ཀ་བྱེད་རིང་ཝུའུ་ཞའོ་ཞང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཇོག་གི་ཡོད་པས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་འབྲེལ་བ་ཟབ་མོ་ཆགས་ཡོད། 2020ལོའི་ཟླ་6པར། ཀུན་བདེ་གླིང་གྲོང་ཚོའི་བོགས་གཏོང་ཁང་པ་ཞིག་གི་ནང་དོགས་ཡོད་མི་2རྟག་ཏུ་འགྲོ་འོང་བྱེད་པ་མཐོང་འཕྲལ་ཀུན་བདེ་གླིང་གྲོང་ཚོའི་ཙུའུ་ཀྲང་པ་སངས་ཀྱིས་ཝུའུ་ཞའོ་ཞང་ལ་སྙན་སེང་ཞུས། ཁང་པའི་ནང་གི་དོགས་ཡོད་མི་སྣ་བྲོས་རྩིས་བྱེད་པ་ཤེས་འཕྲལ་པ་སངས་ཀྱིས་ཁང་པའི་ཕྱི་ནས་སྒོ་ལྕགས་བརྒྱབ། ཕྱི་ནས་སོ་ལྟ་བྱེད་མཁན་དེས་གནས་ཚུལ་ཡག་པོ་མེད་པ་མཐོང་འཕྲལ་རླངས་འཁོར་བཏང་ནས་བྲོས་རྩིས་བྱེད་སྐབས་པ་སངས་དང་སྡེ་ཁུལ་མང་ཚོགས་ཀྱིས་ཁོ་པ་རང་སར་བཟུང་། ཝུའུ་ཞའོ་ཞང་དང་ཁོང་གི་ལས་རོགས་དེ་གར་དུས་ཐོག་ཏུ་འབྱོར་མ་ཐག་ཁ་བསླུས་རྒྱག་མཁན་ཉེས་གསོག་ཚོགས་པའི་ཉེས་ཅན་པ་ཚང་མ་བཟུང་། གནས་ཚུལ་ཐོན་རྗེས་ཝུའུ་ཞའོ་ཞང་གིས་ཤིང་འབྲས་འཁྱེར་ནས་པ་སངས་ལ་ལྟ་བར་སླེབས། “ཕྱིས་སུ་གནས་ཚུལ་དེ་རིགས་འཕྲད་དུས་ཁྱེད་རང་མདུན་དུ་ཤོར་མི་རུང་། ངེས་པར་དུ་ང་ཚོ་སྒུག་དགོས”ཞེས་ཝུའུ་ཞའོ་ཞང་གིས་སེམས་ཁྲལ་ཆེན་པོས་བརྗོད།
2020ལོའི་ཟླ་11ཚེས་19ཉིན། ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་ཞིག་ཏུ་ཆགས་སྲེད་དང་རྒྱན་འཛུགས་ཀྱི་གནས་ཚུལ་འདུག་ཅེས་མང་ཚོགས་ཀྱིས་ཐེར་འདོན་བྱས་རྗེས། ཝུའུ་ཞའོ་ཞང་དང་ཁོང་གི་ལས་རོགས་ཚོས་མཚན་གང་གཙང་བཤེར་བྱས། “ཞའོ་ཝུའུ་ངལ་གསོ་ཏོག་ཙམ་རྒྱོབ”“ང་སྣང་དག་མི་འདུག ཕལ་ཆེར་གསོ་རླུང་མི་འདང་བའི་རྐྱེན་གྱིས་རེད། གསོ་རླུང་ཏོག་ཙམ་རྔུབ་ན་སྣང་དག་ཡོང་གི་མ་རེད”ཝུའུ་ཞའོ་ཞང་གིས་གཙང་བཤེར་ལས་དོན་ཚར་རྗེས་སྡེ་ཁུལ་ཉེན་དོན་ཁང་དུ་ལོག་ནས་ཁོངས་གཏོགས་ཁུལ་གྱི་བོགས་གཏོང་མི་སྣར་གནས་སྡོད་ལག་ཁྱེར་གཉེར་རོགས་བྱས།
2021ལོའི་ཟླ་2ཚེས་11ཉིན། ནམ་མ་ལངས་གོང་ཝུའུ་ཞའོ་ཞང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཤིག་གི་ཟུར་ནས་སྐྱོད་སྐབས་ཉིན་གཉིས་གོང་ཐོན་པའི་ངལ་རྩོལ་རྩོད་གཞི་སེམས་སུ་འཁོར་ནས་གང་མགྱོགས་ཐག་གཅོད་བྱེད་དགོས་བསམ། ཁོང་གིས་ཁེ་ལས་དེའི་ཡིག་བསྐུར་ངོ་བཅར་པུའི་ཀྲུའུ་རེན་ལ་ངེས་པར་དུ་ལོ་གསར་གོང་ལས་མིར་གླ་ཆ་སྤྲོད་ཐུབ་པ་བྱེད་དགོས་པའི་ཁ་ཆད་བྱས། ཉིན་དགུང་ཆུ་ཚོད་གཉིས་པར་རྩོད་གཞི་ཐག་གཅོད་བདེ་བླག་བྱུང་ཡོད། ཕྱི་དྲོའི་ཆུ་ཚོད་གསུམ་པར་ཝུའུ་ཞའོ་ཞང་ཉེན་དོན་ཁང་དུ་ལོག་ནས་ཁོངས་གཏོགས་ཁུལ་གྱི་ཉིན་དེའི་ཕྱོགས་མིའི་ཆ་འཕྲིན་ལེགས་སྒྲིག་བྱས།
དྲ་མིག་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཝུའུ་ཞའོ་ཞང་རྟག་ཏུ་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་དགོས་པ་དང་། སྐབས་རེ་ཕྱི་པོ་ཆགས་སྐབས་མང་ཚོགས་སུན་པོ་མི་ཡོང་བའི་ཆེད་དུ་རྒྱུན་དུ་རས་ལྷམ་ཞིག་གྱོན་ནས་འགྲོ་གི་ཡོད། ཟླ་2ཚེས་12ཉིན། ཝུའུ་ཞའོ་ཞང་གིས་སྐོར་ཞིབ་བྱེད་སྐབས“ཟླ་2ཚེས་14ཉིན་ངའི་བུ་དང་ཆུང་མ་ཡོང་གི་ཡོད་པས། ཁྱེད་ཀྱིས་ངའི་ཚབ་བྱས་ནས་སྐོར་ཞིབ་ལ་འགྲོ་རོགས”ཞེས་ལས་རོགས་ངག་དབང་ཐུབ་བསྟན་དང་སྐད་ཆ་བྱས། ངག་དབང་ཐུབ་བསྟན་གྱིས་དེར་ཁས་བླངས་ཡོད་མོད། འོན་ཀྱང་ཁོ་པའི་བསམ་ཡུལ་ལས་འདས་པ་ཞིག་ལ་སྐོར་ཞིབ་ཚར་ནས་ཉེས་དོན་ཁང་ལ་ལོག་མ་ཐག་ཝུའུ་ཞའོ་ཞང་བསྟུད་མར་ལས་ཀ་བྱས་ནས་དཀའ་ལས་ཁག་དྲགས་པའི་རྐྱེན་གྱིས་སྙིང་རྩ་འགགས་པས་མྱུར་སྐྱོབ་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་གྲོངས་པ་རེད། ཁོང་གྲོངས་དུས་ལོ་32རེད།
ཝུའུ་ཞའོ་ཞང་གི་བཟའ་ཟླ་ཧོ་མེ་ཁྲེན་ལ་དེ་སྔོན་ལྷ་སར་ལས་ཀ་བརྟན་པོ་ཞིག་ཡོད། ཕྲུ་གུ་སྐྱེས་རྗེས་ཁྱོ་གས་བློ་བདེ་པོས་ལས་ཀ་བྱེད་ཐུབ་ཆེད་ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ཕ་མ་དང་བུ་མོར་ལྟ་རྟོག་བྱེད་པར་ལོག ཧོ་མེ་ཁྲེན་གྱིས་སྔོན་ཚུད་ནས་ཟླ་2ཚེས་14ཉིན་གྱི་གནམ་གྲུའི་སྤ་སེ་ཉོས་ཏེ་བུ་མོ་ཁྲིད་ནས་ལྷ་སར་ལོ་གསར་གཏོང་བར་ཡོང་རྒྱུའི་གྲ་སྒྲིག་བྱས། “ང་ཚོ་ནང་མི་ཚང་མ་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་དགོས་བསམ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པར་ཁོང་གཞུང་དོན་ཆེད་དུ་སྐུ་གཤེགས་སོང”སྐུ་ཕུང་པུར་འཇུག་བྱེད་སྐབས་ཧོ་མེ་ཁྲེན་སེམས་སྡུག་གིས་མནར།
ཝུའུ་ཞའོ་ཞང་སྐུ་གཤེགས་རྗེས་སྤྱི་བདེ་པུའི་ཆབ་སྲིད་པུའུ་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་སྔ་རྗེས་སུ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་མྱ་ངན་ཟབ་མོ་ཞུས་པ་རེད།
(རྩོམ་ཡིག་འདི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ནས་མཁོ་འདོན་བྱས)