དབུ་ཤོག>ཆེད་སྒྲིག
  • ​བྲག་ཡིབ་ཆུས་སྨན་རི་ཤང་སྨན་རི་གྲོང་ཚོའི་དབང་སྐྱོན་ཁྱིམ་ཚང་གི་དབུལ་སྒྲོལ་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    བྲག་ཡིབ་ཆུས་སྨན་རི་ཤང་སྨན་རི་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ཁྱིམ་ཚང་ཞིག་ཡོད་ཅིང་། ཁྱིམ་ཚང་གི་བཟའ་ཚོ་གཉིས་ཀ་དབང་པོ་སྐྱོན་ཅན་ཏེ། བཟའ་ཟླ་བདེ་སྐྱིད་ནི་དབང་སྐྱོན་རིམ་པ་གཉིས་པ་དང་ཁོ་མོའི་སྡོད་རོགས་ཧོ་ཐེན་ཁུའེ་དབང་སྐྱོན་རིམ་པ་གསུམ་པ་རེད། ཁོ་གཉིས་པོ་དབང་པོ་སྐྱོན་ཅན་ཡིན་མོད། འོན་ཀྱང་བློ་སྟོབས་དང་སྙིང་རུས་ཆེན་པོར་བརྟེན་ནས་དཀའ་ངལ་ཡོད་རྒུར་གདོང་ལེན་བྱས་ཤིང་། འཚོ་བར་འཁང་ར་དང་ཡིད་ཐང་ཆད་ནས་མ་བསྡད་པར་ཕྱོགས་གཅིག་ནས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་ཐབས་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་ཆུང་ཆུང་ཞིག་བསྐྱངས་ཡོད།

    2015ལོ་ནས་བཟུང་། ཁོ་གཉིས་ཀྱིས་རང་ཁྱིམ་གྱི་ས་ཞིང་མུའུ་ཁ་ཤས་ལས་མེད་པ་དེར་བརྟེན་ནས་གྲོང་ཚོའི་མཉམ་ལས་ཁང་དུ་ཞུགས་པ་རེད། དབང་པོ་སྐྱོན་ཅན་ཡིན་རུང་ཁོ་གཉིས་ཀྱིས་མུའུ་ལྔ་དྲུག་ཟིན་པའི་མ་རྨོས་ལོ་ཏོག་གི་ཞིང་ཁ་འགན་གཙང་བླངས་ནས་གཟན་རྩྭ་བཏབ་པར་མུའུ་རེ་ནས་ཡོང་འབབ་སྒོར་1600བྱུང་བ་དང་ལོ་གཅིག་ལ་ཡོང་འབབ་སྒོར་8000ནས་10000བར་ཡོང་གི་ཡོད། ཧོ་ཐེན་ཁུའེ་ཡིས་དཀའ་ངལ་ལ་མ་འཛེམ་པར་རང་འགུལ་ངང་གྲོང་ཚོའི་རྩྭ་སྲུང་བ་དང་མུའུ་80ཟིན་པའི་གྲོང་ཚོའི་མཉམ་སྡེབ་ཀྱི་ཀུ་ཤུའི་རྟེན་གཞིའི་དོ་དམ་པ་བྱེད་རྒྱུའི་རེ་འདུན་ཞུས་ནས་དེའི་འགན་འཁུར་བ་བྱས་པ་མ་ཟད། ཞིང་དལ་སྐབས་ལས་ཡུལ་དུ་རྟག་ཏུ་གླ་པ་རྒྱུག་པར་ཕྱིན་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་ཐབས་བྱེད་ཀྱི་ཡོད།

    བདེ་སྐྱིད་ཀྱི་དབང་སྐྱོན་ཚབས་ལྕི་ཙམ་ཡིན་མོད། ཁོ་མོས་སྔར་བཞིན་ཁྱིམ་གྱི་ཞིང་ཁར་གཡོག་བྱེད་བྱེད་རོགས་བྱེད་པ་ཕུད། བཞོན་མ་དང་། བོད་ཕག བོད་བྱ་བཅས་གསོས་ཤིང་། མར་འདོན་པ་དང་ཕྱུགས་ཟོག་གསོ་ཚགས་སོགས་རང་ནུས་གང་འཇོན་གྱིས་ཡོང་འབབ་གསོག་གི་ཡོད། དེ་ལྟར་ཁོ་གཉིས་ཀྱིས་དཀའ་སྤྱད་ལས་ལ་བརྩོན་པའི་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་གྱི་འཚོ་བ་རིམ་བཞིན་དབུལ་པོའི་གནས་ལས་གྲོལ་ཞིང་། འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་པ་རེད།

    ཏང་དང་སྲིད་གཞུང་ནས་ཁྱིམ་ཚང་གི་དཀའ་ངལ་གང་ཞིག་ཐག་གཅོད་བྱེད་དགོས་པའི་སྐོར་འདྲི་སྐབས། བདེ་སྐྱིད་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་མང་པོ་གནང་བྱུང་། ད་ཆ་ཕྲུ་གུ་རྒན་པར་ལས་ཀ་རག་སོང་ལ། ཕྲུ་གུ་ཆུང་བ་ཡང་སློབ་གྲྭ་ཐོན་གྲབས་ཡོད། ཁྱིམ་གྱི་དཀའ་ངལ་ང་ཚོ་རང་ཉིད་ཀྱིས་སེལ་ཐུབ་པས། ཏང་དང་སྲིད་གཞུང་ལ་ཐུགས་བསུན་ཞུ་གི་མིན”ཞེས་བརྗོད་ཀྱི་ཡོད། བདེ་སྐྱིད་ཀྱི་བབ་ཆགས་ཤིང་ཚིག་ཉུང་བའི་སྐད་ཆ་ལས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་ལ། དབང་པོ་སྐྱོན་ཅན་ཡིན་རུང་སྙིང་སྟོབས་མི་ཉམས་པར་རང་སྟོབས་རང་སྤེལ་བྱེད་པའི་ཆོད་སེམས་ཀྱང་མཚོན་ཡོད། དཀའ་ངལ་ཡོད་རྒུ་འཛུམ་གྱིས་བསུས་ཤིང་། དཀའ་སྤྱད་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པའི་ཁྱིམ་ཚང་དེའི་དབུལ་སྒྲོལ་གཏམ་རྒྱུད་བྲག་ཡིབ་ཆུས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་ཀུན་གྱི་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།