ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་སློབ་གླིང་ཐོག་མ་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་འབྲེལ་དུས་ཐེངས་དང་པོའི་སྔོ་ཚལ་འདེབས་འཛུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱས་ནས་གཞིས་རྩེའི་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣའི་དར་རྒྱས་ལས་དོན་ལ་ཞབས་འདེགས་ཡག་པོ་ཞུ་ཆེད། བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་དང་དེ་བཞིན་ཆིང་ཏའོ་ཡི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་ལས་ཀའི་ལྟེ་གནས་དེ་གཞི་རིམ་གྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་རྒྱུར་དམིགས་ནས“ཤང་གཅིག་ལ་ལས་རིགས་གཅིག”གི་རྨང་གཞིའི་ཐོག་གཞི་རིམ་དུ་སྣུར་སྲིང་བྱས་ཏེ“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”དང“དུད་ཚང་གཅིག་ལ་འབབ་འཕར་ཐབས་ལམ་གཅིག”ཡོད་པ་དང་། གཞི་རིམ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་གཞི་རིམ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས་ལུགས་བཏོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཀྱི་གྲོང་གསེབ་དར་རྒྱས་སློབ་གླིང་ལ་ཁྱོན་མ་དངུལ་སྒོར་ཁྲི་1060བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་1792ཟིན་པ། ཆེད་བསྐོས་ལས་དོན་པ་2བཀོད་སྒྲིག་བྱས་ཡོད། སློབ་གླིང་ནང་སློབ་ཁང་དང་། བྱེད་ནུས་མང་བའི་ཚོམས་ཆེན། སློབ་ཁྲིད་གཞུང་ལས་ཁང་། ཟ་ཁང་སོགས་བཙུགས་ཡོད་པས་མི་120དུས་གཅིག་ཏུ་སློབ་ཚན་འཚོགས་ཐུབ་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆིང་ཏའོ་ཡི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་འབྲེལ་ཡོད་བོད་སྐྱོར་རྣམ་གྲངས་ལ་བརྟེན་ནས་མི་423ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6567བྱུང་ཡོད།