འདི་ནི་ལྷ་ས་གྲོང་ཁྱེར་ཝན་ཏཱ་དབྱངས་བཞི་དཔེ་ཁང་དུ་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་བཞིན་པ།
“དཔེ་དེབ་ནི་མིའི་རིགས་ཡར་རྒྱས་འགྲོ་བའི་སྐས་འཛེག་ལྟ་བུ་རེད”ཅེས་ཀོར་ཅིས་གསུངས་པ་ལྟར། དཔེ་དེབ་ཀློག་པ་ནི་ང་ཚོས་ཡོན་ཏན་སྦྱོང་བའི་ཐབས་ལམ་ཡག་ཤོས་ཤིག་རེད། དཔེ་དེབ་ཀློག་པར་བརྩོན་པའི་མི་རིགས་ནི་རེ་བས་ཕྱུག་པའི་མི་རིགས་ཤིག་རེད་ལ། དཔེ་ཀློག་གི་དོན་སྙིང་རྟོགས་པར་མི་བྱེད་པའི་མི་རིགས་ནི་སྤྱི་ཚོགས་ཀྱི་གོམ་འགྲོས་དང་བསྟུན་མི་ཐུབ་པའི་མི་རིགས་ཤིག་ཡིན་ངེས། དེར་བརྟེན་དཔེ་དེབ་ཀློག་པར་བརྩོན་ན། མིག་རྒྱང་རིང་དུ་འགྲོ་ཞིང་རང་ཉིད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་ཐུབ་ལ། མི་གཞན་གྱི་ཉམས་མྱོང་དང་བློ་གྲོས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པ་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། ད་དུང་རང་ཉིད་ལ་ཡང་དག་པའི་མི་ཚེའི་ལྟ་བ་ཞིག་ངང་གིས་འཇགས་ཐུབ་པས། ང་ཚོས་དཔེ་དེབ་ནི་རང་ཉིད་ཀྱི་གྲོགས་པོ་བློས་ཐུབ་ཅིག་རེད་བརྗོད་ན་མི་འགྲིག་པ་ཅི་ཡང་མི་འདུག་སྙམ།
དེས་ན། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་26པ་འཆར་ལ་ཉེ་བའི་མཚམས་འདིར། གསར་འགོད་པ་ཆེད་མངགས་ཝན་ཏཱ་ཚོང་རར་གསར་དུ་བཙུགས་པའི“དབྱངས་བཞི་དཔེ་ཁང”དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། གང་ལགས་ཤེ་ན། མ་གཞི་དཔེ་ཁང་འདི་བཙུགས་ནས་ད་བར་ལོ་ཕྱེད་ལྷག་ཙམ་ལས་སོང་མེད་ཀྱང་། ཀློག་པ་པོ་མང་པོ་ཞིག་གི་བློར་ངོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཅིང་། ཚང་མས་འགྲོ་འདོད་ཧ་ཅང་ཆེན་པོ་བྱེད་པའི་གནས་ཤིག་ཀྱང་ཡིན་པས། ང་ཚོར་དཔེ་ཁང་དེས་ཡང་སྙིང་འཛད་སྤྱོད་པའི་ཡིད་ཀྱི་དང་བ་ཇི་ལྟར་འདྲེན་མིན་དང་དེར་དམིགས་བསལ་གྱི་ཁྱད་ཆོས་ཅི་འདྲ་ཡོད་མེད་ཐད་བཅར་འདྲི་བྱེད་འདོད་ཆེན་པོ་བྱུང་།
ང་ཚོ་ཐོག་སོ་གསུམ་པར་ཡོད་པའི་དབྱངས་བཞི་དཔེ་ཁང་དུ་སླེབས་སྐབས། འདྲེན་བྱེད་ལམ་དུ་འཆར་བ་ནི་གྲལ་སྟར་འགྲིག་པའི་དཔེ་སྒྲོམ་དང་གཙང་སྦྲ་དོད་པའི་དཔེ་ཀློག་ཁུལ་རེད། དཔེ་ཁང་གི་སྦྱིན་བདག་བསོད་ནམས་ཡར་འཕེལ་སྔ་ས་ནས་དེ་གར་ཕེབས་ཏེ་དཔེ་དེབ་གཟིགས་ནས་བཞུགས་འདུག ཕ་ཡུལ་ནག་ཆུ་སོག་རྫོང་ནས་ཡིན་པ་དང་། དེ་སྔ་མཐའ་སྲུང་དམག་མི་བྱེད་མྱོང་བའི་ཁོང་གིས་གུས་ཞབས་ཆེན་པོས་ང་ཚོ་དང་གླེང་མོལ་གནང་བྱུང་། གསར་དུ་བཙུགས་པའི་ཚོང་ར་ཆེན་པོ་འདི་འདྲར་དཔེ་ཁང་འཛུགས་པའི་སྐུལ་སློང་ཅི་འདྲ་ཡིན་མིན་སྐོར་ལ། བསོད་ནམས་ཡར་འཕེལ་གྱིས། “ལྷ་སར་རང་ཉིད་ཀྱི་དཔེ་ཁང་ཞིག་འཛུགས་པའི་འདུན་པ་སྔ་ས་ནས་བཅངས་ཡོད། ཕྱིས་སུ་སྟེས་དབང་གིས་དཔེ་ཁང་འཛུགས་པའི་སྐལ་བ་དངོས་སུ་ཐོབ་བྱུང་། ད་ལྟའི་ལྷ་སར་མ་གཞི་དཔེ་ཁང་མི་ཉུང་བ་ཞིག་ཡོད་ནའང་། གཞི་ཁྱོན་ཆེན་པོའི་དཔེ་ཁང་དང་ལྷག་པར་དུ་ཚོང་ར་ཆེན་པོར་དཔེ་ཁང་མེད་པས། སྟོང་ཆ་འདི་འདྲ་ཞིག་སྐོང་ཆེད་དང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཕོ་མོ་རྒན་གཞོན་དེ་བས་མང་བ་དཔེ་དེབ་ལྟ་ཀློག་ལ་དགའ་པོ་བྱེད་ཀྱི་འདུག དེར་བརྟེན། ཁོ་ཚོས་རང་མཁོའི་དངོས་ཟོག་ཉོས་རྗེས་དཔེ་ཁང་དུ་འཛོམས་ནས་དཔེ་དེབ་ལྟ་བ་དང་ངལ་གསོ་རྒྱག་པར་སྟབས་བདེ་སྐྲུན་ཆེད། བློ་ཁ་མཐུན་པའི་གྲོགས་པོ་འགའ་རེ་དང་མཉམ་དུ་དཔེ་ཁང་འདི་བཙུགས་པ་ཡིན། ང་ཚོའི་དཔེ་ཁང་བཙུགས་པ་ནས་ད་བར་དུས་ཡུན་རིང་པོ་མ་སོང་ཡང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་ཞིག་འདིར་ཡོང་གི་འདུག་པས། ང་ཚོའི་དཔེ་ཁང་གིས་རིན་པ་མི་དགོས་པར་ཁོ་ཚོར་དཔེ་ཀློག་གི་ཁོར་ཡུག་ཅིག་བཏོད་པ་ཡིན”ཞེས་སྤོབས་སེམས་ཆེན་པོས་བརྗོད།
རང་ལྗོངས་ཀྱི“དཔེ་ཀློག་གི་དྲི་ངད་འཐུལ་བའི་བོད་ལྗོངས”འཛུགས་སྐྱོང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། མང་ཚོགས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་པ་དང་། གྲོང་ཁྱེར་གྱི་རིག་གནས་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་ཆེད། དབྱངས་བཞི་དཔེ་ཁང་གིས་སྔར་ནས་ད་བར་རིན་པ་མི་དགོས་པར་ཀློག་པ་པོར་དཔེ་ཀློག་གི་ཁོར་ཡུག་ཡག་པོ་སྐྲུན་པ་དང་ཆབས་ཅིག དབྱངས་བཞི་གླེང་སྟེགས་ཞེས་མང་ཚོགས་ལ་ཁ་ཕྱོགས་པའི་སྤྱི་ཕན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། “དབྱངས་བཞི་གླེང་སྟེགས”ལ་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་དང་། བརྗོད་དོན་གཙོ་བོའི་འཆད་ཁྲིད། རིག་གནས་གླེང་མོལ་སོགས་ནང་དོན་དང་རྣམ་པ་འདྲ་མིན་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཟླ་རེར་འཆད་ཁྲིད་བྱེད་སྒོ་ཐེངས་རེ་སྤེལ་གྱི་ཡོད། “ང་ཚོས་སྔ་རྗེས་སུ་གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་དང་། ཕུན་ཚོགས་བཀྲ་ཤིས་ལགས། ཁྲིམས་རྩོད་པ་ལྷ་མོ་ལགས་སོགས་འཆད་ཁྲིད་གནང་བར་གདན་དྲངས་པས་ཀློག་པ་པོ་མང་པོས་གདེང་འཇོག་ཡག་པོ་བྱེད་ཀྱི་འདུག་ལ། རྒྱབ་སྐྱོར་ཆེན་པོ་གནང་གི་འདུག ལྷག་པར་དུ་འཆད་ཁྲིད་འགའ་རེར་མི་200ལྷག་ཙམ་ཟིན་གྱི་འདུག་པས། དཔེ་ཁང་དུ་འཚང་ཁ་ཤིག་ཤིག་རེད་འདུག འདི་ལྟ་བུའི་དཔེ་ཀློག་ལ་དགའ་བའི་སྐྱེ་བོ་མང་པོ་འདི་གར་འཛོམས་པ་མཐོང་སྐབས། རང་ཉིད་ཀྱི་དཔེ་ཁང་གཉེར་སྐྱོང་ཐད་ཀྱི་ཡིད་ཆེས་དང་སེམས་ཤུགས་ཇེ་ཆེར་འཕེལ་གྱི་འདུག”ཅེས་བསོད་ནམས་ཡར་འཕེལ་གྱིས་དགའ་ཚོར་ཆེན་པོས་བརྗོད།
ཁོང་གིས། དབྱངས་བཞི་དཔེ་ཁང་ཞེས་མིང་འདོགས་ཚུལ་ཐད། དབྱངས་བཞི་ནི་བོད་ཡིག་གི་དབྱངས་བཞིར་གོ་བ་དང་། འདི་ནི་ང་ཚོ་བོད་ཀྱི་རིག་གནས་ཀྱི་གཞི་རྟེན་ཞིག་ཀྱང་ཡིན་པས། དཔེ་ཁང་ལ“དབྱངས་བཞི་དཔེ་ཁང”ཞེས་པའི་མིང་བཏགས་པ་ཡིན་ཞེས་གསུངས་བྱུང་ལ། ཁོང་གིས“ང་ཚོའི་དཔེ་ཁང་དུའང་ཀློག་པ་པོ་རྒན་དར་གཞོན་གསུམ་ཚང་མ་ཡོང་གི་འདུག དང་ཐོག་འདི་གར་དཔེ་ཁང་འཛུགས་སྐབས་མི་མང་པོ་འདི་འདྲ་དཔེ་དེབ་ལྟ་བར་ཡོང་གི་རེད་བསམས་མ་བྱུང་། འདི་ནི་ངའི་བསམ་བློ་རྗེས་ལུས་ཐེབས་པ་རང་རེད་འདུག དོན་དངོས་ཐོག་ད་ཆ་རྒན་དར་གཞོན་གསུམ་ཚང་མ་དེབ་ལྟ་ཀློག་ལ་དགའ་པོ་འདུག་ལ། དེང་དུས་ཀྱི་ལྷ་སའི་དཔེ་ཀློག་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་སེམས་འགུལ་ཐེབས་བཞིན་བརྗོད།
མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པར་ནི་དཔེ་ཀློག་ལ་བརྟེན་ནས་ཤེས་བྱའི་གནས་ཚད་མཐོ་རུ་གཏོང་བ་དང་ཁ་འབྲལ་ཐབས་མེད། དེས་ན་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་26པར་དབྱངས་བཞི་དཔེ་ཁང་གིས་བོད་ལྗོངས་དཔེ་མཛོད་ཁང་དང་མཉམ་དུ་རྒྱ་ཆེའི་ཀློག་པ་པོ་ཚོར་དཔེ་ཀློག་རྒྱང་སྐྱོད་ཀྱི་ལྷ་སའི་ས་ཚུགས་ཞེས་པའི་ནང་དོན་ཕུན་སུམ་ཚོགས་པའི་འཆད་ཁྲིད་དང་། རྣམ་པ་མང་བའི་དཔེ་ཀློག་གི་བྱེད་སྒོ་སྤེལ་རྒྱུ་མ་ཟད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་བ་ནས་བོད་རྒྱ་སྐད་གཉིས་ཀྱི་རྩོམ་ཡིག་སྤུས་ལེགས་རིན་པ་མི་དགོས་པར་ལྟ་ཀློག་ཐུབ་པ་བཟོ་མཁན་ཡིན་པས། བྱེད་སྒོ་འདིས་རྒྱ་ཆེའི་ཀློག་པ་པོར་ཕན་པ་སྔར་ལས་མང་བ་འཐོབ་པ་སྨོས་མེད་ལགས། དེར་བརྟེན་ཁོ་ཚོའི་གནང་སྟངས་ལ་སེམས་གཏིང་ནས་དགའ་མགུ་ཡི་རངས་བྱེད་དགོས་པ་ཞིག་རེད་འདུག གལ་སྲིད་བོད་ཀྱི་ས་གནས་ཁག་ཏུ་བྱེད་ནུས་སྣ་མང་གི་དཔེ་ཁང་འདི་འདྲ་དེ་བས་མང་བ་ཡོད་ཚེ། ཀློག་པ་པོ་མི་སྒེར་ཙམ་མ་ཟད། ལྷག་པར་དུ་མི་རིགས་དང་རྒྱལ་ཁབ་ཀྱི་རིག་གནས་སྔར་བས་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་ངེས་རེད།
(གསར་འགོད་པ། ལྷག་ཚེ་གཞོན་པ། བསྟན་འཛིན་གཡུ་སྒྲོན། བསྟན་འཛིན་གཞོན་པ། བསོད་ནམས་སྟོབས་ལགས)