དབུ་ཤོག>ཆེད་སྒྲིག
  • ​ཕྱི་ནང་མཉམ་བཅོས་བྱས་པས་བཀྲག་མདངས་འཚེར་ས་མངོན་ལ་ཉམས་འགྱུར་ཡང་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ལྷ་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཅུན་ལར་ལྷ་རྩེ་རྫོང་གི“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག”ལ་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། ལམ་ཡག་ཏུ་ཕྱིན་པ་དང་། གློག་སྒྲོན་གསལ་དུ་ཕྱིན་པ། ཡུལ་ལྗོངས་མཛེས་སུ་ཕྱིན་པ། ཆུ་མོ་དྭངས་བ། ནམ་མཁའ་གཡའ་དག་པ། མི་རྣམས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་2016ལོར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ས་ཚིགས་ཁག་གསུམ་པར་གཏན་འཁེལ་བྱས་ཚུན། ལྷ་རྩེ་རྫོང་གིས་མི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུ་ལྟེ་བར་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་པ། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་བ་བཅས་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར“བཀྲག་མདངས་འཚེར་ས”མངོན་པ་མ་ཟད “ཉམས་འགྱུར”ཡང་མངོན་ཡོད།

    འཆར་གཞི་བཀོད་དེ་དམིགས་བསལ་ཁྱད་ཆོས་ལྡན་པའི་ལེགས་ཆ་མངོན་པར་བྱས་པ།

    ལྷ་རྩེ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ལྷོ་བྱང་བགྲོད་ལམ་ཆེན་པོ་G318དང་G219ཡི་འབྲེལ་མཚམས་སུ་གནས་པ་དང་། དེ་ནི་ཕྱོགས་བཞི་འབྲེལ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་། ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་སྐམ་སའི་བགྲོད་ལམ་གྱི་མདུན་ཕྱོགས། བོད་ཀྱི་དབུས་ནུབ་དཔལ་འབྱོར་ཁུལ་གྱི་འབྲེལ་མཚམས། ཇོ་རིའི་ས་ཚིགས་མདུན་མ་བཅས་ཡིན་པས། ས་ཁམས་དང་། འགྲིམ་འགྲུལ། དཔལ་འབྱོར། ཡུལ་སྐོར་བཅས་ཀྱི་ས་ཁོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལེགས་ཆ་ལྡན་ཡོད། 2016ལོར་ལྷ་རྩེ་རྫོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ས་ཚིགས་ཁག་གསུམ་པར་གཏན་འཁེལ་བྱས་པ་དང་དེ་རྗེས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་རྩེ་རྫོང་འདི་ཉིད་གཞིས་རྩེ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁྱེར་ཕལ་པར་གཏན་འཁེལ་བྱས་ནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

    གོ་སྐབས་གསར་པའི་མདུན་དུ་ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དེ་ལྷ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད།

    འཆར་འགོད་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་ལས་དོན་ཨང་དང་པོ་ཡིན་པས། ལྷ་རྩེ་རྫོང་གིས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་ལ་བཟོ་བཅོས་རྒྱག་དགོས་པའི་གཏན་འབེབས་བྱས་པ་རེད།

    —— ངེས་གནས་སྟངས་འཛིན་བྱས་པ་སྟེ། སྣོད་བཅུད་དང་། དཔལ་འབྱོར། རིག་གནས། སྒོ་དབྱེ་འཕེལ་རྒྱས་བཅས་ཕྱོགས་བཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྷ་རྩེ་རྫོང་འདི་ཉིད་བོད་ནུབ་བྱང་གི་སྐྱེ་ཁམས་སྐྱོང་གསོ་ཁུལ་གལ་ཆེན་དང་། བོད་ཀྱི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་རྫོང་། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་། ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེ་མཉམ་ལས་ཀྱི་བར་བརྒྱུད་ས་ཚིགས་བཅས་སུ་བསྐྲུན་རྒྱུ་རེད།

    —— བསམ་ཕྱོགས་གསལ་པོ་བཟོ་བ་སྟེ། རྫོང་གྲོང་འཕེལ་རྒྱས་ཀྱི་རྨང་གཞིར་གཞི་ཚུགས་ཏེ་གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ། སྡོད་མལ་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས“མི་དང་། ཐོན་ལས། ས་མཚམས། ལས་རིགས། གྲོང་ཁྱེར”བཅས་ཕྱོགས་ལྔར་དམིགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་ས་མཐོའི་སྡོད་མལ་དང་འཚམ་པའི་གྲོང་ཁྱེར་གྱི་དཔེ་མཚོན་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བཏོད་པ།

    —— ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་སྟེ། རྫོང་ཁོངས་སུ“ལྟེ་བ་གཅིག་གིས་སྣེ་ཁྲིད་དང་། བར་ཁྱམས་གཉིས་མཉམ་འགུལ། སྣེ་གཉིས་འདེགས་སྐྱོར། གནས་མང་མཐུན་སྦྱོར”བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ།

    བསམ་བློ་ཐེངས་མང་བཏང་བ་བརྒྱུད་ལྷ་རྩེ་རྫོང་ཨུད་ཀྱི་ཚན་ཁག་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བརྒྱད་པའི་ལྷ་རྩེ་ཚོགས་ཆུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་དང་། དེ་བཞིན་འབྲེལ་ཡོད་ལག་རྩལ་ཚན་པའི་མཉམ་སྡེབ་ཀྱི་བློ་གྲོས་འདུས་པའི་ལྷ་རྩེ་རྫོང་གྲོང་གི་སྤྱིའི་འཆར་འགོད་ཀྱི་བཟོ་བཅོས་ལེགས་གྲུབ་ཟིན་ཡོད།

    འཆར་གཞི་ལྟར་རིམ་བཞིན་ལག་བསྟར་བྱས་པས་ལྷ་རྩེ་རྫོང་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    ཕྱིའི་མཛེས་བཟོར་སྣང་ཆེན་བྱས་པས་རྣམ་པ་གསར་པར་འགྱུར།

    “སྔོན་ཆད་ཚང་མ་ས་སྟོང་ཡིན་པ་དང་ད་ཆ་དེ་གར་སློབ་གྲྭ་དང་། ཁེ་ལས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་བཅས་བསྐྲུན་ཡོད”ཅེས་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ཆུ་ཤར་གྲོང་ཚོའི་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པས་རྒྱལ་ལམ་318བྱང་ངོས་ཀྱི་སྐྲུན་དངོས་ལ་མཛུབ་མོ་འཛུགས་བཞིན་དེ་ལྟར་བརྗོད།

    གསར་འགོད་པས་སྐྲུན་དངོས་སྣ་ཚོགས་གྲལ་སྟར་འགྲིག་པ་དང་ཨར་འདམ་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ནས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་ནུབ་རྒྱུད་རྫོང་གྲོང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་མཐོང་བྱུང་།

    རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་འཛུགས་སྐྲུན་ལག་བསྟར་བྱེད་རིང་། ལྷ་རྩེ་རྫོང་གིས་མི་རྩ་བར་འཛིན་པ་དང་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ་དེ་ནང་དོན་མཐོར་གཏོང་ལ་བསྒྱུར་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམངས་འཚོའི་རྣམ་གྲངས་དང་དམངས་སེམས་ཀྱི་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱས་ཡོད།

    ཀྲུང་ནེའི་གཞུང་ལམ་རྙིང་པ་དང་ཆུ་ཤར་ལམ་སོགས་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། ནན་ཧུའེ་ལམ་དང་འཕྲེད་ཐིག་ལམ་གསུམ་སོགས་གྲོང་ཁྱེར་གྱི་འགྲོ་ལམ་འབོར་ཆེན་ཞིག་གི“འགག་རྩའི་ལྷུ་ཚིགས”འཛུགས་སྐྲུན་བྱས་ནས་ཤར་གཏོང་ཐུབ་པས། དེ་སྔའི“གཞུང་གསུམ་འཕྲེད་གསུམ”གྱི་འགྲོ་ལམ་གྱི་རྣམ་པ་དེ་དྲན་ཤེས་སུ་གྱུར་ནས་གྲོང་ཁྱེར་གྱི་ལམ་དྲ་ཞིག་གཞི་རྩའི་ཆ་ནས་བསྐྲུན་ཡོད།

    ལྷ་རྩེ་རྫོང་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི་སྨན་ཁང”གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་། ནུབ་རྒྱུད་སློབ་འབྲིང་དང་། ལྷ་རྩེ་རྫོང་གི་བུ་བཅོལ་ཁང་གཉིས་པ། མིག་དམར་ཁུལ་ཆུང་། གློག་བརྙན་ཁང་། ལུས་རྩལ་ཁང་། སྟོད་གཞས་འཁྲབ་སྟོན་ལྟེ་གནས་སོགས་རྣམ་གྲངས་སྔ་རྗེས་སུ་བསྐྲུན་ནས་རྨང་གཞིའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་གཅིག་ཐོན་པ་དང་བསྟུན་ནས་ལྷ་རྩེ་རྫོང་གྲོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་རྩེ་རྫོང་གིས་རྣམ་གྲངས་ཆེ་གྲས་7དང་ཡན་ལག་རྣམ་གྲངས་740ཇུས་འགོད་རགས་ཙམ་བྱས་པ་དེ་དག་གཙོ་བོ་སྐྱེ་ཁམས་རྣམ་གྲངས་དང་། ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན། དམངས་འཚོའི་འདུ་འགོད། ཐོན་ལས་རྣམ་གྲངས་བཅས་ཕྱོགས་བཞིར་གཅིག་སྡུད་བྱས་ཡོད།

    ནང་ངོས་འཛུགས་སྐྱོང་ལ་སྣང་ཆེན་བྱས་པས་འཚོ་བ་དྲོ་སྐྱིད་ལྡན་པ།

    ལྷ་རྩེ་རྫོང་གྲའུ་ཤང་མིག་དམར་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་མིག་དམར་ཁུལ་ཆུང་དུ་གནས་སྤོས་པའི་ཚེ་རིང་ཆོས་སྒྲོན་གྱིས་ལྷ་རྩེ་རྫོང་ནུབ་རྒྱུད་དངོས་སྦྱོང་རྟེན་གཞིར“ལས་ཀས་སྦྱོང་བརྡར་འཐུས་པའི”བྱེད་སྟངས་བརྒྱུད་བདེ་བླག་ངང་ལས་ཞུགས་ཐུབ་ནས་ཟླ་རེར་འབབ་འཕར་སྒོར་3000བྱུང་ཡོད།

    རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་འཛུགས་སྐྲུན་བྱེད་རིང་། ལྷ་རྩེ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་དང་ཐོན་ལས་ཟུང་འབྲེལ་ལ་སྣང་ཆེན་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཐོན་ལས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ལྗང་མདོག་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

    མིག་སྔའི་བར་ལྷ་རྩེ་རྫོང་གིས་ཐོན་ལས་རྣམ་གྲངས་24གཉེར་སྐྱོང་བྱས་པ་དང་། བོད་བྱ་གསོ་ཚགས་གསོ་སྤེལ་རྟེན་གཞི་དང་། ཚོང་སྒྱུར་ཨར་འདམ་གཡོ་ས། མི་རིགས་ལག་ཤེས་ཐོན་སྐྱེད་ཆེད་ལས་མཉམ་ལས་ཁང་། ཇོ་མོ་གླང་མའི་ཨ་མ་རྒན་མོའི་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཚད་ཡོད་ཀུང་སི། ཇོ་མོ་གླང་མའི་ལྗང་མདོག་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོ་ཞིག་ལྷ་རྩེ་རྫོང་དུ་གཞིས་ཆགས་པ་དང་། མིག་སྔར་ཚང་མ་གཉེར་སྐྱོང་ཡག་པོ་བྱུང་ནས་མང་ཚོགས་790ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ཡན་བྱུང་ཡོད།

    མཁྲེགས་ཆས་ལེགས་སུ་ཕྱིན་པ་དེས་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་དང་གྲོང་མིར་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་ཐོབ་ནས་བདེ་སྐྱིད་ཚོར་སེམས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད།

    ལྷ་རྩེ་རྫོང་གྲོང་གི་ལྟེ་བར་གནས་པའི་མི་རིགས་མཐུན་སྒྲིལ་རིག་གནས་ཐང་ཆེན་དུ་དགོང་ལྟར་གྲོང་མི་མང་པོ་འཛོམས་ནས་དགའ་སྤྲོའི་ངང“སྟོད་གཞས”འཁྲབ་ཀྱི་ཡོད། ས་རུབ་པ་དང་བསྟུན་ནས་ཐང་ཆེན་གྱི་ཆུ་གཏོར་རོལ་དབྱངས་གྲགས་པ་དང་། གློག་འོད་ཆེམ་ཆེམ་དུ་འཕྲོ་བ་བཅས་ལས། ཞབས་བྲོ་འཁྲབ་མཁན་གྱི་མི་ཚོགས་ཁྲོད་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཆགས་ཡོད།

    ཚེ་རིང་ཆོས་སྒྲོན་གྱིས་ཞབས་བྲོ་འཁྲབ་ཞོར་དུ“ང་ཚོར་གྲོང་ཁྱེར་བ་ལྟ་བུའི་འཚོ་བ་ཞིག་དངོས་འབྲེལ་སྐྱེལ་རྒྱུ་བྱུང”ཞེས་དགའ་སྤྲོའི་ངང་བརྗོད། 

    424974_yis_1619020800000_s.jpg

    འདི་ནི་ལྷ་རྩེ་རྫོང་གྲོང་གི་ཟུར་ཞིག་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།