དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་ཆེད། ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ཟླ་4ཚེས་19ནས་ཚེས་28ཉིན་བར་སྒྲོག་འགྲེལ་ཡན་ལག་རུ་ཁག་9ལ་བགོས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་དང་ཆུས་ཁག་གཅིག ལྗོངས(ཀྲུང་དབྱང་)ཐད་གཏོགས་ཚན་པ། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གླིང་བཅས་ལ་བསྐྱོད་དེ་གཅིག་སྡུད་ཐོག་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སྦྱོང་རྒྱུ་དེ་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་སྦྱོང་བ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ཕན་ཚུན་སྦྲེལ་མཐུད་ཡག་པོ་ཡོང་བར་བྱེད་པ་དང་། ཏང་གི་འདས་ཟིན་པ་དང་། ད་ལྟ། འབྱུང་འགྱུར་བཅས་གསལ་པོ་ཤོད་ཤེས་པ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཕྱོགས་སྡོམ། རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་ཐུབ་པར་ཁྲིད་སྟོན་བཅས་བྱས་ཏེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས།

    “སྒྲོག་འགྲེལ་ནན་ཏན་ངང་ཉན་རྗེས། ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕུན་སུམ་ཚོགས་པའི་ཆབ་སྲིད་ཀྱི་ཉིང་བཅུད་དང་དགོངས་དོན་གྱི་སྙིང་པོ་ལྡན་ཡོད་པ་རྟོགས་བྱུང་བས། ང་ཚོས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་ས་བོན་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་ཏང་གི་གྲུབ་འབྲས་ལྡན་པའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་གི་ཡིན”ཞེས་ལྷ་སའི་གུང་གཞོན་སྡེ་ཚོགས་གཞོན་ནུ་འཕེལ་རྒྱས་པུའི་ཁོ་ཀྲང་མཱ་ཡུས་པོ་ཡིས་བཤད་པ་དང་། ཁོང་གིས“ལྷ་སའི་གུང་གཞོན་སྡེ་ཚོགས་ཀྱིས་ད་རེས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང‘ཏང་ལ་འབོད་སྐུལ་ཡོད་པ་དང་སྡེ་ཚོགས་ལ་བྱ་སྤྱོད་ཡོད་པའི’སྲོལ་རྒྱུན་བཟང་པོ་ཐོག་མཐའ་བར་གསུམ་དུ་འདོན་སྤེལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་གུང་གཞོན་སྡེ་ཚོགས་ཀྱི་རྩ་བའི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ལས་དོན་གྱི་གཙོ་རྐང་བཅས་ཁོང་དུ་བརྟན་པོར་ཆུད་པ་དང་རྒྱ་ཆེའི་གཞོན་ནུ་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ལོ་རྒྱུས་སྦྱངས་ནས་བློ་སྦྱོང་བྱ་རྒྱུ་དེ་འགྱུར་བ་མེད་པའི་ཆབ་སྲིད་ཀྱི་རང་གཤིས་དང་འབད་འཐབ་ཀྱི་བྱ་སྤྱོད་ལ་རང་རྟོགས་ངང་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།