དབུ་ཤོག>ཆེད་སྒྲིག
  • ​མཚོ་སྔོན་རྨ་ཆེན་གྱི་གྲོང་ཚོའི“རྩོད་གཞི་འདུམ་འགྲིག་ཚོགས་ཆུང”གི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-04-21

    420544_yis_1618934400000_s.jpg

    འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་རྟ་བོ་ཤང་རྐྱང་ཆེན་གྲོང་ཚོར་རྩོད་གཞི་འདུམ་འགྲིག་ལས་དོན་ཚོགས་ཆུང་གིས་འབྲོག་པའི་རྩྭ་ར་བོགས་གཏོང་གི་གནད་དོན་འདུམ་འགྲིག་བྱེད་བཞིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གཅུང་མོ་བཟའ་ཚང་དང་ཁ་བྲལ་རྗེས་ཕྲུ་གུ་ཁྲིད་དེ་མ་ཁྱིམ་དུ་ལོག འོན་ཀྱང་ཕུ་བོ་དང་ཕུ་བོའི་བཟའ་ཟླས་ཨ་མའི་མིང་འོག་གི་རྩྭ་ར་མུའུ་400གཅུང་མོར་སྤྲོད་རྒྱུའི་མོས་མཐུན་མ་བྱས་པས་གཅེན་གཅུང་གཉིས་དབར་ལོ་10ཙམ་འགྲོ་འོང་བྱེད་རེས་མེད། སྡོམ་ཁོག་ཤང་སྡོམ་ཁོག་གྲོང་ཚོའི་ཨ་མ་རྒན་མོ་རབ་གསལ་འཆི་མེད་ལོ་ན་མཐོ་བས་རང་ཉིད་ཤི་རྗེས་གཅེན་གཅུང་གཉིས་ཀྱི་འགལ་བ་རྫ་དྲག་ཏུ་འགྲོ་བའི་སེམས་ཁྲལ་བྱེད་ཀྱི་ཡོད། དེས་ན་ཁོང་གིས“རྩོད་གཞི་འདུམ་འགྲིག་ཚོགས་ཆུང”རང་ཁྱིམ་དུ་རོགས་པར་ཡོང་རྒྱུའི་ལན་བསྐུར།

    སྡོམ་ཁོག་ཤང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་ཆགས་པ་དང་འབྲོག་ལས་རྐྱང་པའི་ཤང་ཞིག་ཡིན་སྟབས་རྩྭ་ར་དང་འབྲེལ་བའི་རྩོད་གཞི་ནི་སྤུན་མཆེད་དང་ཁྱིམ་མཚེས་དབར་གྱི་འབྲེལ་བ་དང་། ཐ་ན་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་རྒྱུན་མཐོང་གི་མངོན་མེད་རྐྱེན་ངན་ཞིག་ཏུ་གྱུར་ཡོད། རབ་གསལ་འཆི་མེད་ཀྱིས་ཟེར་བའི“རྩོད་གཞི་འདུམ་འགྲིག་ཚོགས་ཆུང”དེ་ནི་2019ལོར་བཙུགས་པ་དང་། ཙུའུ་ཀྲང་ནི་ཏང་ཡོན་རྒན་གྲས་འོད་ཟེར་དོན་གྲུབ་ཡིན། ཁོང་དེ་སྔོན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལོ་20ལྷག་ཙམ་བྱེད་མྱོང་བས་འགལ་ཟླ་སྟོང་ཕྲག་མང་པོ་སེལ་མྱོང་ཡོད།

    འོད་ཟེར་དོན་གྲུབ་ཀྱིས་ཚོགས་ཆུང་གི་ཁོངས་མི་ཁྲིད་དེ་མཐའ་སྐོར་གྱི་འབྲོག་དུད་ས་ནས་རབ་གསལ་འཆི་མེད་ཁྱིམ་གྱི་རྩྭ་རའི་གཞི་ཁྱོན་དྲིས་པ་དང་དེ་ནས་རྟ་བཞོན་ནས་རྩྭ་རའི་རྒྱ་ཁྱོན་འཇལ་བར་བསྐྱོད། མཇུག་ཏུ་ཁོང་ཚོ་ནང་མི་མཉམ་དུ་འཛོམས་སུ་བཅུག་ནས་གནད་ལུགས་སྣ་ཚོགས་དྲངས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པ་བྱས་ཏེ་གཅེན་གཅུང་གཉིས་སོ་སོར་དབང་བའི་རྩྭ་ར་གསལ་པོར་བགོས་པ་རེད། ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་བརྒྱུད། གཅུང་མོ་དང་ཕུ་བོ་བཟའ་ཚོ་གཉིས་བསམ་བློ་ཐོངས་ནས་ཕན་ཚུན་ཁ་བཏགས་སྤྲོད་རེས་བྱས་ཏེ་སེམས་ནད་ཞི་བས་རབ་གསལ་འཆི་མེད་ཀྱིས་འཆམ་མཐུན་བྱུང་བའི་བུ་ཕྲུག་ཚོར་འཐམས་ཏེ་དགའ་ངུ་ཤོར་བ་རེད།

    འདི་ནི་སྡོམ་ཁོག་གྲོང་ཚོའི“རྩོད་གཞི་འདུམ་འགྲིག་ཚོགས་ཆུང”གིས་འདི་ལོའི་ཟླ་3པར་ཐག་གཅོད་བྱས་པའི་རྩོད་གཞི་ཞིག་རེད། ལོ་མང་རྒྱུན་མཐུད་ཀྱི་རྩྭ་རའི་རྩོད་གཞི་དང་། རང་ཁྱིམ་གྱི་འབྲི་གཡག་མི་གཞན་གྱི་འབྲི་གཡག་ཁྱུ་ཚོགས་ནང་འདྲེས་ནས་དབྱེ་བ་འབྱེད་ཁག་པའི་གནས་ཚུལ། རྒྱུ་དངོས་ཤུལ་བཞག་རྒྱུན་འཛིན་གྱི་འགལ་ཟླ། དངུལ་གཡར་མཁན་གྱིས་སྒལ་རལ་བཙོངས་ནས་བུ་ལོན་མི་འཇལ་བའི་གནས་ཚུལ་སོགས་ལོ་མང་གི་ཉམས་མྱོང་དང་ཏང་ཡོན་གྱི་གཞུང་དྲང་གི་བསམ་པ་བཅངས་ཏེ། འོད་ཟེར་དོན་གྲུབ་ཀྱིས་ཚོགས་ཆུང་གི་ཁོངས་མི་10ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉེ་བའི་ལོ་3ནང་རྩོད་གཞི་འདྲ་མིན་ཁག་50ལྷག་ཙམ་འདུམ་འགྲིག་བྱེད་རོགས་བྱས་པ་དང་ཆབས་ཅིག་སྲིད་ཇུས་དང་བཅའ་ཁྲིམས་སྒྲོག་འགྲེལ་བྱས་ནས“འགལ་ཟླ་95%ཡན་གྲོང་ཚོ་ནས་ཐག་གཅོད་ཐུབ་པའི”སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།

    རྨ་ཆེན་རྫོང་གི་གྲོང་ཚོ་ཚང་མར“རྩོད་གཞི་འདུམ་འགྲིག་ཚོགས་ཆུང”ཡོད། ལོ་གསུམ་གོང་རྨ་ཆེན་རྫོང་གི་གྲོང་ཚོ་35དང་སྡེ་ཁུལ་8དུ་ཐོན་སྐྱེད་འཕེལ་རྒྱས་དང་། རྩོད་གཞི་འདུམ་འགྲིག ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་གཏོད་འཛུགས་སོགས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་མང་ཚོགས་གྲོང་ཚོ་རིམ་པའི་དམངས་གཙོའི་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

    “དེ་སྔ་འགལ་ཟླ་འདུམ་འགྲིག་བྱེད་མཁན་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ཡིན་སྟབས་མི་མི་འདང་བའི་ཁར་འདུམ་འགྲིག་བྱེད་རྒྱ་ཆེ་བས་ཚང་མར་ཚོད་འཛིན་བྱེད་ཐུབ་ཀྱི་མེད། ‘རྩོད་གཞི་འདུམ་འགྲིག་ཚོགས་ཆུང’བཙུགས་ཚུན་ཏང་ཡོན་རྒན་གྲས་ཚོས་བརྒྱུད་རོགས་ཁྲིད་གསུམ་བྱས་ཏེ་ཁོངས་མི་གང་སར་བཏང་བས་གནས་ཚུལ་གསལ་པོ་ཤེས་པ་མ་ཟད་དུས་ཐོག་ཏུ་འདུམ་འགྲིག་བྱུང་ནས་ཞི་མཐུན་གྱི་རྣམ་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་རྭ་རྒྱ་གྲོང་རྡལ་ཅ་གུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཀོན་མཆོག་གིས་བརྗོད་པ་དང་། དེ་སྔོན་ཁོང་གིས་འགལ་ཟླ་སྣ་ཚོགས་སེལ་དགོས་པའི་རྐྱེན་གྱིས་ལས་ཀ་ལས་རྩ་དགོངས་ཞུ་རྒྱུའི་བསམ་བློ་འཁོར། ད་ཆ་ཆེད་དོན་ཚོགས་ཆུང་མང་པོས་འགན་འཁུར་བའི་རྐྱེན་གྱིས་ཁོང་གི་ཧུར་སེམས་ཆེ་རུ་ཕྱིན། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།