དབུ་ཤོག>ཆེད་སྒྲིག
  • ​འབྲུབ་འགོག་དཔའ་བོ་རིམ་པ་དང་པོའི་བྱས་རྗེས་འཇོག་མཁན་ཝུའུ་མིང་ཁྲེང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-20

    དུས་རབས་འདིའི་དུས་འགོར་མྱང་ཆུ་གཙང་པོའི་ངོགས་སུ་གནས་པའི་གཙང་ཁུལ་དུ་དཔའ་བོ་ཞིག་གི་མིང་དང་མི་སེམས་འགུལ་བའི་གཏམ་རྒྱུད་གང་སར་གྲགས་བཞིན་ཡོད། དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་པ་སྣམ་རུ་འབྲིང་གི་བཀོད་འདོམས་པ་གཞོན་པ་ཝུའུ་མིང་ཁྲེང་གིས་འབྲུབ་འགོག་ཉེན་སེལ་ནང་ཞུགས་མཁན་འཐབ་འཛིང་པ་4སྐྱོབ་ཆེད་རང་སྲོག་བློས་བཏང་སྟེ་རང་ཉིད་ཀྱི་ཚེ་སྲོག་དང་སྟོབས་ཤུགས་ལ་བརྟེན་ནས་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད།

    ཝུའུ་མིང་ཁྲེང་ནི་སི་ཁྲོན་ཞིང་ཆེན་ཁའེ་ཅང་རྫོང་ནས་ཡིན་པ་དང་1971ལོར་འཁྲུངས། དམག་དཔུང་ནང་མ་ཞུགས་གོང་ཝུའུ་མིང་ཁྲེང་གིས་ཕ་མ་གཉིས་གྲོངས་པའི་ཁྱིམ་མཚེས་ཀྱི་ཕྲུ་གུར་ལྟ་སྐྱོང་དང་། ཆུར་ལྷུངས་པའི་སློབ་ཆུང་སློབ་མ་སྐྱོབ་པ། མི་ཧྲེང་རྒན་རྒོན་ལ་བསྙེན་བཀུར་བཅས་བྱས་པས་ཕ་ཡུལ་གྱི་མི་དམངས་ཚོས་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དམག་དཔུང་ནང་ཞུགས་ཏེ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་རུ་འབྲིང་དུ་སླེབས་རྗེས་གཙོ་བོ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་ཀ་བྱས། 2000ལོར་ཁོང་གནས་སའི་རུ་འབྲིང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་གྱི་སྔོན་ཐོན་ཚན་པར་བདམས་ཡོད། དཔུང་སྡེར་སེམས་རྩ་འཁོལ་པོ་དང་རོགས་རམ་བྱེད་པར་སྤྲོ་བའི་ཁོང་གི་སྤྱོད་བཟང་དུས་རྟག་ཏུ་འཐབ་གྲོགས་དང་བོད་རིགས་མང་ཚོགས་ཚོས་བརྒྱུད་བསྒྲགས་དང་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    2000ལོའི་ཟླ་8པར་གཞིས་རྩེ་གྲོང་ཁྱེར་མྱང་ཆུ་གཙང་པོ་རྒྱུག་ཁུལ་དུ་དྲག་ཆར་བསྟུད་མར་བབས་ནས། ཆུ་བོ་རྒྱས་ཏེ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐོན། མྱང་ཆུ་གཙང་པོ་རྒྱུག་ཁུལ་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་དང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། ཁང་དམར་རྫོང་སོགས་སུ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཕོག་ཡོད། མྱང་ཆུ་གཙང་པོའི་དབུས་རྒྱུད་དུ་གནས་པའི་པ་སྣམ་རྫོང་ལ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐོན་པ་དང་སྔ་རྗེས་སུ་རགས་ཁ་ཆེན་པོ་11ཤོར་ཏེ་རྫོང་ཡོངས་ཀྱི་ཤང་5དང་། དུད་ཚང་2000ལྷག་ཙམ མི་17000ལྷག་ཙམ་ལ་གནོད་འཚེ་ཕོག་པ་མ་ཟད། ཁང་མིག་3000ལོག་པ་དང་ས་ཞིང་མུའུ་ཁྲི་4.3ཆུས་བསྣུབས་ཡོད། ཟླ་8ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ལང་ལོང་དུ་རྒྱུག་པའི་ཆུ་བོས་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དང་དཔའ་རྩལ་ཤང་འབྲེལ་མཚམས་ཀྱི་གཙང་པོའི་ནུབ་ཏུ་ཞེང་ཚད་སྨི་20ལྷག་ཙམ་ཡོད་པའི་རགས་ཁ་ཆེན་པོ་ཞིག་གཏོར། རྒོད་མ་ཞིག་དང་འདྲ་བའི་འབྲུབ་ཆུས་ཁྱུག་ཙམ་ཞིག་ལ་བསྡུ་ལ་ཉེ་བའི་ནས་ཞིང་མུའུ་ཁྲི་དག་བསྣུབས་པ་རེད།

    གནོད་འཚེ་ནི་བཀའ་རྒྱ་རེད། རྫོང་ཡོངས་ཀྱི་འབྲུབ་འགོག་ཉེན་སེལ་འཕྲལ་སྒྲུབ་རུ་ཁག་གི་ངོས་ནས། དྲག་ཆས་ཉེན་རྟོག་པ་སྣམ་རྫོང་རུ་འབྲིང་གིས་འཕྲལ་དུ་དཔོན་དམག་སྒྲིག་འཛུགས་བྱས་ཏེ་རགས་ཁ་ཤོར་སར་བསྐྱོད། ལང་ལོང་དུ་རྒྱུག་པའི་ཆུ་བོའི་མདུན་དུ་བཀོད་འདོམས་པ་གཞོན་པ་ཝུའུ་མིང་ཁྲེང་གིས་རུ་འབྲིང་གི་དཔོན་དམག་ཚོར“ང་ཚོ་ནི་རྫོང་ཡོངས་ཀྱི་འཕྲལ་སྒྲུབ་རུ་ཁག་གཅིག་བུ་དེ་རེད། ཆུ་ལོག་གི་མདུན་དུ་ང་ཚོས་མདུན་སྐྱོད་བྱེད་པ་ལས་ཕྱིར་བཤོལ་གཏན་ནས་བྱ་མི་རུང་། པ་སྣམ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཆེད་དུ་ང་ཚོས་འབད་འཐབ་བྱེད་དགོས་ལ། ཆུ་རགས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བརྗོད་ནས་སྐེད་མཚམས་སུ་སླེབས་པའི་ཆུ་བོར་ཨང་དང་པོར་མཆོངས། ཆུ་ཤུགས་ཆེ་ལ་གཏིང་རིང་བས་བྱེ་མའི་རྩྭ་རས་དབྱུགས་མ་ཐག་མཐོང་རྒྱུ་མེད་པར་གྱུར་གྱི་ཡོད། ཆུ་རགས་ཀྱི་ཁ་ཤོ་མགྱོགས་མྱུར་འགོག་ཆེད་ཝུའུ་མིང་ཁྲེང་དང་འཐབ་གྲོགས་ཚོས་ལག་གདང་དཔུང་སྒྲིག་གིས་ཆུར་མཆོངས་ཏེ་ཆུ་བཀག་ཐབས་བྱས། དེ་ལྟར་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ནས་དགོང་དྲོའི་ཆུ་ཚོད་11བར་ཝུའུ་མིང་ཁྲེང་དང་ཁོང་གི་འཐབ་གྲོགས་ཚོས་འབྲུབ་ཆུར་ཆུ་ཚོད་12ལྷག་ཙམ་དམག་འཐབ་བྱས།

    ཚེས་30ཉིན་གྱི་མཚན་གུང་ཆུ་ཚོད་1དང་སྐར་མ་40ཙམ་ལ་པ་སྣམ་རྫོང་འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུའུ་ལ་ཆུ་ལོག་ཆེ་རུ་འགྲོ་ངེས་ཡིན་པའི་བརྡ་ཐོ་འབྱོར། གོང་རིམ་གྱི་མཛུབ་སྟོན་གཞིར་བཟུང་བཀོད་འདོམས་པུས་དམག་མི་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་། ལུས་ཡོངས་རློན་པར་གྱུར་པའི་ཝུའུ་མིང་ཁྲེང་གིས་ལག་གི་ལག་ཆ་བཞག་སྟེ་མགྱོགས་མྱུར་མི་སྣ་ཁ་འགྲེམས་པར་བསྐྱོད། སྐབས་དེར་ཆུ་ལོག་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་མོད། འོན་ཀྱང་ཁོང་གིས་སྐེད་མཚམས་སུ་སླེབས་པའི་ཆུ་བོར་ཕར་སྐྱོད་ཚུར་སྐྱོད་ཐེངས་མང་བྱས། མི་མང་ཆེ་བ་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་ཟིན་རྗེས་འབྲུབ་འགོག་ལ་ཞུགས་མཁན་མཐའ་སྲུང་ཡིང་ཤོག་ཅིག་གི་དཔོན་དམག་4ད་དུང་ཕྱིར་འཐེན་ཐུབ་མེད། ཝུའུ་མིང་ཁྲེང་གིས་མི་ཁག་གཅིག་ཁྲིད་དེ་འཚོལ་བར་སྐྱོད་སྐབས་ས་རུབ་པ་དང་ཆུ་སྒྲ་ཆེ་བས་ཁོང་གིས་སྐད་ཆེན་པོ་བརྒྱབ་པས་སྐད་ཀྱང་འཛེར། གང་སར་བཙལ་རྗེས་དཔོན་དམག་4རགས་ཁ་ཤོར་ས་གཉིས་ཀྱི་བར་དུ་ལུས་ཡོད་པ་ཤེས། དཔོན་དམག་4ཡོད་ས་བདེ་འཇགས་ཡོད་མེད་ཤེས་རྟོགས་བྱ་ཆེད་ཝུའུ་མིང་ཁྲེང་དང་རུ་འབྲིང་གི་འཐབ་འཛིང་བ་ཁ་ཤས་ཀྱིས་ཆུ་བོ་བརྒལ་ཏེ་དཔོན་དམག་4དང་བར་ཐག་སྨི་80ཙམ་ཡོད་པའི་སར་བསྐྱོད། དཔོན་དམག་4པོ་སྲོག་ཉེན་མེད་པ་ཤེས་སྐབས་ཁོང་གཞི་ནས་བློ་བདེ་བར་གྱུར། ནམ་ལང་སྐབས་གཞུང་ལམ་ནས་དཔོན་དམག་4པོ་ད་དུང་བདེ་འཇགས་ཡིན་པ་མཐོང་། འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། བཀོད་འདོམས་པུས་རླངས་འཁོར་གྱི་འཁོར་ལོའི་ནང་འགྱིག་བསྡམས་ནས་གྲུ་གཟིངས་བཟོས་ཏེ་སྐྱོབ་པར་འགྲོ་བའི་གྲོས་འགོ་བཏོན། ཆུ་ཤུགས་ཆེ་བས་སྲོག་སྐྱོབ་གྲུ་གཟིངས་མདུན་དུ་སྐྱོད་ཐབས་བྲལ། མཐར་ཝུའུ་མིང་ཁྲེང་དང་དཔུང་སྡེ་ཞིག་གི་ཕའེ་ཀྲང་ཡོན་ཆིང་ཕིང་གིས་སྐེད་པར་ཐག་པ་བཏགས་ཏེ་མཉམ་དུ་སྲོག་སྐྱོབ་གྲུ་གཟིངས་ཆུའི་ཕ་རོལ་གྱི་སྐམ་སར་བསྐྱལ། འོན་ཀྱང་ཆུ་ཤུགས་ཆེ་བས་གྲུ་གཟིངས་དཔོན་དམག་གནས་སའི་ཆུ་རགས་གམ་དུ་སླེབས་ཐབས་བྲལ། དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་གི་རུ་དཔོན་ལེའུ་སི་ཧྲོའུ་ཡིས་བསམ་བློ་ཡང་ཡང་བཏང་རྗེས། སྔོན་ལ་མིས་ཐག་པ་ཁྱེར་ཏེ་ཆུ་རགས་ཐོག་བསྐྱོད་རྗེས་སྲོག་སྐྱོབ་གྲུ་གཟིངས་འཐེན་པའི་ཐག་བཅད། ཝུའུ་མིང་ཁྲེང་དང་ཡོན་ཆིང་ཕིང་གིས་སླར་ཡང་ཐག་པ་ཁྱེར་ཏེ་ཆུར་མཆོངས། ཆུ་ཤུགས་ཆེ་དྲགས་པས་ཁོང་གཉིས་སླར་ཡང་ཆུ་རགས་ཀྱི་གམ་དུ་ཁྱེར། ཉིང་ལག་རུ་དཔོན་ལེའུ་ལགས་ཀྱིས་ཝུའུ་མིང་ཁྲེང་གི་ངོ་གདོང་སྐྱ་བོ་ཆགས་པ་མཐོང་སྐབས་ཁོང་ལ“ཞའོ་ཝུའུ། ཁྱེད་རང་སྐྱོད་མི་དགོས། ང་ཚོས་མི་བརྗེ་ཆོག”ཅེས་ཤོད་སྐབས་ཝུའུ་མིང་ཁྲེང་གིས་བློ་རྩ་བརྟན་པོས“སྣང་དག་མི་འདུག ཡན་ལག་རུ་དཔོན་ལགས། བློ་བདེ་པོ་གྱིས་ཤིག ངེས་པར་དུ་ཁོ་ཚོ་སྐྱོབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་ནས་ཁོང་གཉིས་སླར་ཡང་ཆུར་མཆོང་སྐབས། གློ་བུར་དུ་རྦ་རླབས་དྲག་པོ་ཞིག་གིས་ཁོང་གཉིས་ཆུ་གཏིང་དུ་དིམ་པས། ཆུ་རགས་ཐོག་ཡོད་པའི་དཔོན་དམག་4པོ་དངངས་འཚབ་ལངས་ཏེ་ཁོ་ཚོས་རྩྭ་རས་ཀྱིས་ཐག་པ་བཟོས་ནས་ལག་གདང་སྦྲེལ་ཏེ་ཆུར་མཆོངས་ནས་ཝུའུ་མིང་ཁྲེང་དང་ཡོན་ཆིང་ཕིང་ཚུར་འཐེན་ནས་ཆུ་ཚོད་ཕྱེད་ཀ་ཙམ་མྱུར་སྐྱོབ་བྱས་རྗེས་ཡོན་ཆིང་ཕིང་དྲན་པ་གསོས་པ་དང་ལོ་29ལ་སླེབས་པའི་ཝུའུ་མིང་ཁྲེང་དབུགས་ཀྱི་རྒྱུ་བ་ཆད། སྐབས་དེར་རུ་འབྲིང་གི་སྒོ་རྩར་སྒུག་བཞིན་པའི་ཁོང་གི་བཟའ་ཟླས་རང་ཉིད་ཀྱི་སྙིང་ནས་བརྩེ་བའི་བཟའ་ཟླ་ནམ་ཡང་རང་ཉིད་དང་ཁ་བྲལ་བ་ག་ནས་ཤེས།

    དཔོན་དམག་4བསྐྱབས་པ་དང་ཆུ་ལོག་ཀྱང་འགོག་ཐུབ་ཡོད། མ་གཞི་ཝུའུ་མིང་ཁྲེང་ནམ་ཡང་ང་ཚོ་དང་ཁ་བྲལ་མོད། འོན་ཀྱང་ཁོང་གི་མཛད་རྗེས་བོད་མི་དམངས་ཀྱི་སེམས་སུ་བརྟན་པོར་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།