འདི་ནི་དེ་སྔའི་ཉིང་ཁྲི་འཁེལ་འཐག་བཟོ་གྲྭའི་ལས་བཟོ་ཚོས་ལས་ཀ་བྱེད་བཞིན་པ། (དཔྱད་གཞིའི་པར)
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་ཁྲོམ་གཞུང་དུ་སྐྱོད་སྐབས་ཉི་འོད་རབ་ཏུ་འཚེར་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོ“རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ། ཉིང་ཁྲི་འཁེལ་འཐག་བཟོ་གྲྭ”ཞེས་པའི་རྡོ་རིང་ཞིག་གིས་ཡིད་དབང་འཕྲོག་ནས་འགྲོ་མཚམས་བཞག་སྟེ་དེར་ལྟ་ཡི་ཡོད།
ཉིང་ཁྲི་འཁེལ་འཐག་བཟོ་གྲྭ་ནི་བོད་ཀྱི་འཁེལ་འཐག་བཟོ་གྲྭ་དང་པོ་དེ་ཡིན་ཞིང་། དུས་རབས་20པའི་ལོ་རབས་60པར་མཐའ་མཚམས་འཛུགས་སྐྲུན་ལ་རོགས་སྐྱོར་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས། ཞིང་འབྲོག་པའི་འཚོ་བ་ལེགས་སུ་བཅས་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧའེ་ཡི་རགས་རྩུབ་འཁེལ་འཐག་བཟོ་གྲྭ་བོད་དུ་སྤོ་རྒྱུའི་གཏན་འཁེལ་བྱས་པ་རེད།
1966ལོའི་ཟླ་7ཚེས་11ཉིན་ཧྲང་ཧའེ་ཝུའེ་ལུན་རགས་ལས་འཁེལ་འཐག་བཟོ་གྲྭའི་ལས་མི་དང་ནང་མི་611དང་། ཀུན་སྤྱོད་སྒྲིག་ཆས་21 ལྷུ་ལག་ཏུན་50 གསར་དུ་ཉོས་པའི་ཁ་གསབ་རྒྱུ་ཆ་དང་ལག་རྩལ་དཔྱད་གཞི་ཁྲི་44བཅས་ཉིང་ཁྲིར་གཞིས་ཚུགས་ཡོད་ལ། ཉིན་དེ་ནས་བཟུང་འཁེལ་འཐག་བཟོ་གྲྭ་འདི་ཉིད་ཉིང་ཁྲིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་པ་དང་བདེན་དཔང་བ་ཞིག་ཏུ་གྱུར་ཡོད།
སྐབས་དེར་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭར་དམག་དོན་རྣམ་པའི་དོ་དམ་བྱས་ཏེ་འཁོར་ཁང་5ལ་དབྱེ་ཡོད་པ་དང་ཚང་མར་ལན་ཤོག་གི་མིང་བཏགས་ཡོད། ལན་དང་པོས་འཁོར་སྟེགས་དང་སྒྲིག་ཆས་ཉམས་བཟོའི་འགན་ཁུར་བ་དང་། ལན་གཉིས་པས་བལ་འཁྲུད་བ་དང་འཁོར་ཁང་ཁག་བགོས་ཏེ་བལ་འཇམ་རྩུབ་དབྱེ་བ་འབྱེད་པ། ལན་གསུམ་པས་འཕྲུལ་འཁོར་གྱིས་བལ་འཁྲུད་བ་དང་། བལ་གསེད་པ། བལ་འཁེལ་བ་བཅས་ཀྱི་འགན་འཁུར་བ། ལན་བཞི་པས་ཀམ་པ་ལི་འཐག་པ། ལན་ལྔ་པས་གཙོ་བོ་ཚོས་རྒྱག་པ་དང་། སྐམ་པ། འབྲེག་པ་བཅས་ཀྱི་འགན་འཁུར་གྱི་ཡོད།
དེ་སྔ་ཉིང་ཁྲི་འཁེལ་འཐག་བཟོ་གྲྭར་ལས་ཀ་བྱེད་མྱོང་བའི་ཚེ་བརྟན་དབང་མོར་ལས་ཀ་དེ་དག་ལ་རྒྱུས་མངའ་ཆེན་པོ་ཡོད་ཅིང་། ཁོང་གིས“སྐབས་དེ་དུས་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཀམ་པ་ལིའི་ཚོས་གཞི་སྙིང་རྗེ་པོ་ཡོད་ལ་སྣ་ཁའང་འཛོམས་པོ་ཡོད་པས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད། ཚོང་ཡག་པའི་དུས་སུ་ཉིན་མཚན་གཅིག་ལ་ལས་རེས་ཁག་གསུམ་ལ་བགོས་ནས་ལས་ཀ་བྱེད་ཀྱི་ཡོད་ལ་སྒྲིག་ཆས་ཚང་མ་སྤྱོད་མཚམས་མ་བཞག་པར་ལས་སྣོན་ཐོན་སྐྱེད་ཀྱང་བྱེད་ཀྱི་ཡོད”ཅེས་བཤད།
1978ལོ་ནི་འཁེལ་འཐག་བཟོ་གྲྭ་བཙུགས་ཚུན་གྱི་ཐོན་འབབ་ཡག་ཤོས་ཀྱི་ལོ་ཞིག་ཡིན་ཞིང་། བལ་སྐུད་སྤྱི་རྒྱ་ཁྲི་41.12དང་། ཁུ་ལུ་སྨི་ཁྲི་39.26 ཀམ་པ་ལི་ཁྲི་4.47 ས་གདན་རྒྱུ་སྤུན་རྒྱ་མ་ཁྲི་10.6བཅས་ལེགས་སྒྲུབ་ཟིན་ཡོད། 1989ལོར་འཁེལ་འཐག་བཟོ་གྲྭར་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་695.62བྱུང་ཡོད།
ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཁྱད་བསད་བྱས་ཤིང་། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭའི་ལས་མི་ཡོངས་ཀྱིས་མཐུན་སྒྲིལ་དངོས་སྒྲུབ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན། རང་སྟོབས་རང་སྤེལ། ཐེངས་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་བཅས་ཀྱི་སྙིང་སྟོབས་ཐོག་ནས་ཉིང་ཁྲིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བཀྲག་མདངས་འཚེར་བའི་ལེའུ་ཞིག་བརྩམས་ཡོད། 1994ལོར་སླེབས་སྐབས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་འཁེལ་འཐག་བཟོ་གྲྭ་གཞི་རྩའི་ཆ་ནས་ཐོན་སྐྱེད་བྱེད་མཚམས་བཞག་ཡོད་མོད། འོན་ཀྱང་འཁེལ་འཐག་བཟོ་གྲྭའི་ལོ་རྒྱུས་མཇུག་འགྲིལ་མེད།
དུས་རབས་21ལ་སླེབས་སྐབས་འཁེལ་འཐག་བཟོ་གྲྭས་ཁེ་ལས་རྙིང་པ་དག་ཕྱོགས་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་སྔོན་ཆད་ཀྱི་བཟོ་ལས་འཁོར་ཁང་ཟོག་འགྲེམས་ལྟེ་གནས་སུ་འགྱུར་བ་དང་དེ་རྗེས་བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སི་དང་ཟླ་སྒྲིལ་བཏང་ནས་ད་ལྟའི་བོད་ལྗོངས་མཁའ་ལམ་ཚོགས་པ་བཙུགས་པ་རེད། བོད་ལྗོངས་མཁའ་ལམ་ཚོགས་པ་ཀུང་སིའི་འགོ་ཁྲིད་འོག་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭས་ས་ཆའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཁེལ་འཐག་ལག་རྩལ་གྱི་ལེགས་ཆ་སྤྱད་ནས་ས་ཁང་ཐོན་ལས་གསར་སྤེལ་དང་མི་རིགས་འཁེལ་འཐག་ཐོན་ལས་ལས་སྣོན་ཞིབ་ཚགས་བྱེད་པའི་ཕྱོགས་སུ་རིམ་བཞིན་འགྱུར་ཡོད།
འཁེལ་འཐག་བཟོ་གྲྭའི་ལོ་རྒྱུས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་ནུབ་པ་བྱ་ཆེད། 2012ལོར་ཉིང་ཁྲིས“བོད་ལྗོངས་ཉིང་ཁྲིའི་སྲོལ་རྒྱུན་བཟོ་རྩལ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རྣམ་གྲངས”ལག་བསྟར་བྱེད་འགོ་བཙུགས་ཏེ་2013ལོའི་ཟླ་12པར་བོད་ལྗོངས་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་འདི་ཉིད“ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་རྗེས་ཤུལ་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས”ནང་བཅུག་ཡོད།
ལོ་རྒྱུས་ནི་འདས་ཟིན་པ་ཞིག་ཡིན་རུང་དེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་གནས་སྲིད། དུས་རབས་ཀྱི་འཕོ་འགྱུར་ལས་བཞག་པའི་རྗེས་ཤུལ་དེ་དག་མཐོང་རིམ་བཞིན་སྤྲོ་སེམས་རབ་ཏུ་འཁོལ་བའི་འོད་སྟོང་འབར་བའི་ལོ་ཟླ་དག་ང་ཚོའི་མིག་ལམ་དུ་ཁྲ་ཐིང་ངེར་མངོན་བཞིན་མཆིས།