དབུ་ཤོག>ཆེད་སྒྲིག
  • “ཏང་གི་རྗེས་སུ་འབྲང་བ་ནི་ང་ཚོའི་འགྱུར་བ་མེད་པའི་གདམ་ག་ཡིན”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ནོར་བུ་ཚེ་རིང་དང་། ཞུའེ་ཝུན་ཤན། ཁྲེན་ཧྲང་ཚའེ། སུན་ཧྥེ།   |     སྤེལ་དུས།  2021-04-18

    365404_yis_1618070400000_s.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་རྔ་སྨད་ཤོད་གྲོང་ཚོ་ཡིན་པ།

    ཟླ་གསུམ་པར་འབྲི་ཆུའི་ངོགས་སུ་ལྗོན་ཤིང་གི་གཡུ་ལོ་ལྷུག་པོར་གྲོལ་ཏེ་དཔྱིད་ཀྱི་ཉམས་སྣང་ཞིག་ངམ་ངམ་ཤུགས་ཀྱིས་ཚོར་འོང་། རྔ་སྨད་ཤོད་ཀྱི་མང་ཚོགས་ཚོས་དགའ་སྐྱིད་ལྡན་པའི་སྨར་ཁམས་ཀྱི་པི་ཝང་གཏོང་བཞིན་ཞབས་བྲོ་འཁྲབ་སྟེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བསུས་པ་རེད།

    བཅིངས་འགྲོལ་འཐོབ་ཆེད་རང་སྲོག་བློས་གཏོང་བྱས་པ། 

    འབྲི་ཆུའི་ངོགས་སུ་གནས་པའི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་གི་རྔ་སྨད་ཤོད་གྲོང་ཚོ་དང་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་དབར་གཙང་པོ་གཅིག་གིས་ཆོད་ཡོད།

    1955ལོའི་ཟླ་5པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཁྲེང་ཏུའུ་བརྒྱུད་བོད་དུ་ཕྱིར་ལོག་བྱས། ཁོ་པ་དང་མཉམ་དུ་ཡོད་པའི་ཡོངས་འཛིན་ཁྲི་བྱང་དང་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་སོགས་ཀྱིས་ཡུལ་དེའི་ཐུའུ་སི་དང་མཐོ་རིམ་སེར་མོ་བ་བསྐོངས་ཏེ“དམངས་གཙོའི་བཅོས་སྒྱུར་ནར་འགྱངས་དང་བཀག་འགོག་གི་ཐབས་ཤེས་གང་དྲགས་བྱེད་དགོས་པའི”ངན་སྐུལ་བྱས་ནས་དྲག་ཤུགས་ཀྱིས་ཁ་གཏད་དུ་ལང་དགོས་པའི་ངན་ཇུས་བཤམས། སྨར་ཁམས་ཀྱི་ཐུའུ་སི་ཕུ་པ་དཔོན་ཚུལ་ཁྲིམས་རྒྱ་མཚོས་དེ་དང་བསྟུན་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས།

    ཁོ་པས“གོང་དཀར་བླ་མ་ཚང”གི་རྐང་འཛིན་བ་བྱམས་པ་ཆོས་འཛིན་ལ་བོད་དམག་100ལྷག་ཙམ་གྱི་འགོ་ཁྲིད་དེ་རྔ་སྨད་ཤོད་དུ་བཅའ་སྡོད་བྱེད་པར་མངགས་པ་དང་། རྒྱབ་ཕྱོགས་རོགས་སྐྱོར་ཡོང་བདེ་བར་བརྟེན་ནས་གཙང་པོའི་འགྲམ་དུ་བསྡད་དེ་སོ་བ་ནང་དུ་བཅའ་སྡོད་བཅིངས་འགྲོལ་དམག་ཚར་གཅོད་བྱེད་རྒྱུའི་རེ་ངན་བཅངས།

    1958ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་སོགས་སུ་དམངས་གཙོའི་བཅོས་སྒྱུར་བདེ་བླག་ངང་བྱས་པ་དང་རྒྱ་ཆེའི་ཞིང་བྲན་ཚོར་རང་ཉིད་ལ་བདག་པའི་ས་ཞིང་དང་། ཁང་པ། སྒོ་ཕྱུགས་སོགས་ཐེངས་དང་པོ་རག་སྟེ་སྤྱི་ཚོགས་གསར་པའི་བདག་པོར་གྱུར། སྐབས་དེ་དུས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་7ཙམ་སོང་ནའང་། ཞིང་བྲན་ཁྲི་ཚོ་བརྒྱ་སྔར་བཞིན་སྡུག་བསྔལ་གྱི་རྒྱ་མཚོའི་ནང་འཚོ་བ་སྐྱེལ་བཞིན་ཡོད།

    རྔ་སྨད་ཤོད་ཀྱི་མང་ཚོགས་ཚོས་དམངས་གཙོའི་བཅོས་སྒྱུར་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་ཞིང་བྲན་དུད་ཚང་13གྱིས་ཀོ་གྲུ་སྤྱད་དེ་བཅིངས་འགྲོལ་དམག་གི་མྱུལ་ཞིབ་པ་ལྐོག་ཏུ་སྐྱེལ་བསུ་དང་དངོས་ཟོག་དབོར་འདྲེན་བྱས་པ་མ་ཟད། བཅིངས་འགྲོལ་དམག་ལ་གསང་འཕྲིན་བསྡུ་རུབ་དང་ཆ་འཕྲིན་བརྒྱུད་སྤྲོད་སོགས་བྱེད་རོགས་བྱས་པས། ངོ་ལོག་ཇག་པས་དེར་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད།

    1959ལོའི་ཟླ་2ཚེས་1ཉིན་བྱམས་པ་ཆོས་འཛིན་གྱིས་གློ་བུར་དུ་གྲོང་ཚོའི་ཞིང་བྲན་60ལྷག་ཙམ་བཟུང་སྟེ་བཅིངས་འགྲོལ་དམག་གི་གནས་ཚུལ་ཚ་འདྲི་བྱས་པ་དང་། བཅིངས་འགྲོལ་དམག་དང“ལྐོག་མཐུན”བྱེད་མཁན་འདྲི་རྩད་བྱས།

    དེ་སྔོན་བཀའ་གསུང་ཅི་སྒྲུབ་ཞུ་མཁན་གྱི་ཞིང་བྲན་སུས་ཀྱང་བཅིངས་འགྲོལ་དམག་འཚོང་འདོད་མ་བྱས་པས། བྱམས་པ་ཆོས་འཛིན་གྱིས་དེའི་ཁྲོད་ནས་གཞོན་ནུ་དང་དར་མ་14ལ་ཚ་འདྲི་དྲག་པོ་བྱས་པས་མི་5སྔ་རྗེས་སུ་ཁྲག་དམར་ཆིལ་ཆིལ་གྱི་ཁྲོད་དུ་འགྱེལ།

    བྱམས་པ་ཆོས་འཛིན་གྱིས་གནས་ཚུལ་དྲིས་ཀྱང་ཤེས་ཐབས་བྲལ་བ་མཐོང་འཕྲལ། དེ་བས་གདུག་རྩུབ་ཆེ་བའི་བྱ་ཐབས་སྤྱད་དེ་མི་བོས་ནས་བྱང་ཆུབ་སོགས་གཞོན་ནུ་9གཙང་པོའི་གཡང་སར་ཁྲིད་དེ་བཅིངས་འགྲོལ་དམག་གར་སོང་མ་བཤད་ཚེ་འདི་ནས་དབྱུག་གི་ཡིན་ཞེས་བཤད་པ་དང་དེ་རྗེས་བྱང་ཆུབ་སོགས་མི་6འབྲི་ཆུར་འབུད་རྒྱག་བཏང་།

    ལོ་78ལ་སླེབས་པའི་བསྟན་རྡོར་ནི་བྱང་ཆུབ་ཀྱི་བུ་ཡིན་པ་དང་ལོ་ན་ཆུང་བས་རྐྱེན་ངན་དེ་ལས་ཐར་ཡོད། “ངའི་ཨ་ཕ་གཡང་ལ་དབྱུགས་རྗེས་ཨ་གྲོས་དང་། ངག་རྡོར། སྐལ་བཟང་རྒྱ་མཚོ་བཅས་ངོ་ལོག་ཇག་པས་རི་སྟེང་དུ་ཁྲིད་ནས་མེ་མདའ་བརྒྱབ་སྟེ་བསད་སོང”ཞེས་བཤད།

    འདི་ལོ་ལོ་76ལ་སླེབས་པའི་བྱང་ཆུབ་ལྷ་མོས་མིག་ཆུ་གཏོང་ཞིང་གསར་འགོད་པར། “སྐབས་དེ་དུས་ངའི་གཅེན་པོ་ཉི་མ་རྒྱལ་མཚན་ཡང་དེའི་ཁྲོད་དུ་ཡོད། ངོ་ལོག་ཇག་པས་ཁོང་གཡང་ལ་དབྱུགས་རྗེས་ངོ་གདོང་ཁྲག་གིས་འཚོས་པའི་གཅེན་པོ་གཙང་འགྲམ་ནས་ཡར་འཛེགས་ཀྱང་ཁོ་ཚོས་སྙིང་རྗེ་སྤུ་ཙམ་ཡང་མེད་པར་སླར་ཡང་འབྲི་ཆུར་དབྱུགས་སོང”ཞེས་བཤད།

    “ཨ་འཛིན་དང་སྟོབས་ལྡན་ནི་ལག་པ་གཉིས་ཀ་རྒྱབ་ལ་བསྡམས་རྗེས་གཡང་ལ་དབྱུགས་པ་དང་། གཙང་འགྲམ་གྱི་བྲག་རྡོའི་ཐོག་ཟགས་མོད་ལམ་སེང་ཤི་མེད་པས། ངོ་ལོག་ཇག་པས་རྫོག་རྡོ་གློད་ནས་བསད་སོང”ཅེས་བྱང་ཆུབ་ལྷ་མོས་མིག་ཆུ་འདོན་བཞིན་ལག་གཉིས་ཀྱིས་ངོ་གདོང་བཀབ་སྟེ་ངུ་སྐད་དང་སྦྲགས“བཀྲ་ཤིས་སྟོབས་ལྡན་དང་བསྟན་རྡོར་ནི་ངོ་ལོག་ཇག་པས་དགོན་པའི་ཤིང་སྡོང་ལ་ཉིན་གཉིས་དང་མཚན་གཅིག་བཏགས་རྗེས་གསོན་པོར་གྲི་བརྒྱབ་ནས་བསད་སོང”ཞེས་བཤད།

    ཨ་གྲོས་ཀྱི་བུ་མོ་ཡེ་ཤེས་ལྷ་མོས་ཨ་ཕ་མི་དེ་ཚོས་རྐང་རྗེན་མར་ཁྲིད་པ་ངེས་ཀྱི་ཡོད། “ཁོང་གིས་ང་ལ་ལྷམ་ཆ་གཅིག་སྤྲོད་དགོས་ཞེས་བཤད་ཀྱང་། ལྷམ་མ་རྙེད་གོང་འདྲུད་ཕྱིན་སོང”གནས་ཚུལ་དེ་དྲན་སྐབས་ལོ་89སླེབས་པའི་རྒན་རྒོན་ཁོང་གི་མིག་མཆི་མས་ཁེངས།“དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུའང་དམངས་གཙོའི་བཅོས་སྒྱུར་བྱེད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་བསྟན་རྡོར་གྱིས་བཤད།

    འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

    རྔ་སྨད་ཤོད་དུ་ད་ཆ་དུད་ཚང་86དང་མི་གྲངས་455ཡོད་ཅིང་། ཟུར་སྡེ་ཤོད་ཤང་གི་རང་བྱུང་གྲོང་ཚོ་ཞིག་རེད། སུམ་ཐོག་ནས་སྒོ་རའི་ནང་གི་སྔོ་མདངས་རྒྱས་པའི་སེ་འབྲུའི་སྡོང་པོར་ལྟ་བཞིན་བྱང་ཆུབ་ལྷ་མོས“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྔོན་མ་རྨི་ལམ་དུའང་རྨིས་མ་མྱོང”ཞེས་བཤད།

    1959ལོའི་ཟླ་3པར་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་བས། ཏང་དང་སྲིད་གཞུང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མི་དམངས་ཀྱི་འདུན་པར་བསྟུན་ཏེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱ་སྒྲིག་འཛུགས་བྱས་ནས་དམངས་གཙོའི་བཅོས་སྒྱུར་བྱས།

    སློང་མོ་བྱེད་ཀྱིན་ལོ་གསར་ཐེངས་གཉིས་བཏང་བའི་བྱང་ཆུབ་ལྷ་མོའི་ནང་ཚང་གྲོང་ཚོར་ལོག་རྗེས་ཁང་པ་དང་། ས་ཞིང་། སྒོ་ཕྱུགས་བཅས་རག་པ་དང་། ཁོང་ད་དུང་བུད་མེད་གུང་གཞོན་ཚོགས་མི་ཁག་དང་པོར་གྱུར་ཏེ་ལས་དོན་རུ་ཁག་ལ་གཞོགས་འདེགས་ཀྱིས་གྲོང་ཚོ་ཁག་ཏུ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་བསྐྱོད་ཡོད།

    ཏང་གི་གསོ་སྐྱོང་འོག ན་སོ་གཞོན་ཞིང་འཇོན་ཐང་ཆེ་བའི་བསྟན་རྡོར་གྱིས་སྔ་རྗེས་སུ་ཡུལ་དམག་དང་མཛོད་ཁང་གི་བདག་གཉེར་བྱེད་མྱོང་བ་དང་། ཕྱིས་སུ་འབུམ་པ་ཆུས་ཀྱི་ཆུས་ཀྲང་དང་། ཟུར་སྡེ་ཤོད་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ཡོད། ལོ་བཅུ་ཕྲག་འགའ་ཤས་རིང་ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་ཆ་མུའུ་1000ལྷག་ཙམ་ཁོད་སྙོམས་པ་དང་། སོན་བཟང་ཁྱབ་གདལ་བཏང་ནས་ཐོན་འབབ་མང་དུ་བཏང་བ་མ་ཟད། ཆུ་ཡུར་སྤྱི་ལེ་20ལྷག་ཙམ་བཟོས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།