ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། “2017ལོའི་ཟླ་5ཚེས་11ཉིན། གནམ་དྭངས། གཟའ་ཕུར་བུ། རི་རྩེ་སྨུག་པས་བཏུམས། ཀྱག་ཀྱོག་གི་རི་ལམ་བརྒྱུད་མཐར་ཀླེ་གཞུག་གྲོང་ཚོའི་རྣམ་པ་ཡོངས་སུ་མིག་ལམ་དུ་འཆར། གྲོང་མི་ཚོས་དེ་རིང་ང་ཚོ་ཡོང་གི་ཡོད་པ་ཤེས་འཕྲལ་དགའ་དགའ་སྤྲོ་སྤྲོའི་ངང་དགའ་བསུ་ཞུས་བྱུང་། བབ་ཆགས་ཤིང་ལྷད་མེད་ཀྱི་འཛུམ་མདངས་དང་ཕྱུག་འགྱུར་གྱི་རེ་བའི་མིག་ཟུང་ལ་ལྟ་བཞིན། ངའི་སེམས་ལ་གཡོ་འགུལ་ཚད་མེད་ཐེབས་བྱུང” འདི་ནི་ལི་ཡུས་ཏུང་གི་གྲོང་སྡོད་དབུལ་སྐྱོར་ཉིན་ཐོར་འཁོད་པའི་ཚིག་དུམ་གཅིག་རེད།
ལོ་45ལ་སླེབས་པའི་ལི་ཡུས་ཏུང་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ཧོང་ཧྭ་གློག་འདོན་ཀུང་སིའི་ལས་མི་ཡིན་ཞིང་། 2017ལོའི་ཟླ་5པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་ཀླེ་གཞུག་གྲོང་ཚོའི་ཧྲུའུ་ཅི་དང་པོར་མངགས། ལོ་ཤས་རིང་གི་ཁོང་གི་དབུལ་སྐྱོར་ཉིན་ཐོར་ས་མཐོའི་གྲོང་གསེབ་དབུལ་པོ་དེ་དབུལ་ཕོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འགྱུར་ལྡོག་རེ་རེ་བཞིན་བཀོད་ཡོད།
གནས་སྤོས་མ་བྱས་གོང་གི་ཀླེ་གཞུག་གྲོང་ཚོའི་ཆ་སྙོམས་ས་བབ་སྨི་3100ལྷག་ཙམ་ཟིན་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། གྲོང་ཚོ་ཧྲིལ་པོར་དུད་ཚང་79ཡོད་པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་34ཡོད།
“གྲོང་ཚོའི་སྡོད་ཁང་ཕྱེད་ཀ་ཙམ་གོག་ཧྲུལ་ཡིན་ཞིང་། ཡུན་རིང་མི་སྡོད་མཁན་མེད་པ་དང་། གྲོང་ཚོར་སྡོད་མཁན་གྲོང་མི་ཕྱེད་ཀ་ཡང་ཟིན་གྱི་མེད་ལ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྤྱི་ཡོངས་དམའ་པོ་ཡོད། མུའུ་ཉིས་ཁྲི་ལྷག་ཙམ་ཟིན་པའི་མཉམ་སྡེབ་རྩྭ་རའི་ས་རྒྱུ་གཤིན་པོ་མེད་པས། ནོར་ལུག་གསོ་ཐུབ་ཙམ་ལས་མེད། ང་རང་ཀླེ་གཞུག་གྲོང་ཚོར་སླེབས་དུས་གྲོང་མི་མང་པོ་ཞིག་གིས་འཚོ་བར་འགྱུར་ལྡོག་གཏོང་འདོད་ཀྱི་རེ་འདོད་བཤད་བྱུང”ཞེས་ལི་ཡུས་ཏུང་གིས་བརྗོད།
ལི་ཡུས་ཏུང་གིས་འཚོ་གནས་ཀྱི་འགྲན་སློང་དང་སྐྱེ་ཁམས་ཀྱི་དཀའ་ངལ་མང་པོའི་མདུན་དུ་ཀླེ་གཞུག་གྲོང་ཚོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་བརྟེན་ན་འཚོ་བ་འཁྱོལ་ཐབས་བྲལ་བས། གྲོང་ཚོ་ཧྲིལ་པོ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་གསལ་པོར་རྟོགས།
2018ལོའི་ཟླ་1ཚེས་17ཉིན་ལི་ཡུས་ཏུང་གི་གྲོང་སྡོད་ཉིན་ཐོར། “དེ་རིང་ནི་ཀླེ་གཞུག་གྲོང་ཚོའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ཉིན་ཞིག་རེད་ལ། གྲོང་མིའི་ལས་དབང་ལ་འགྱུར་ལྡོག་འགྲོ་བའི་ཉིན་ཞིག་ཀྱང་རེད། གྲོང་མི་ཚང་མས་གནས་སྤོ་བྱེད་པར་མོས་མཐུན་ཡོད་པ་མ་ཟད། ཚོགས་འདུའི་ཟིན་བྲིས་ངོས་སུའང་མིང་བཀོད་སོང་། ཟླ་བརྒྱད་ལྷག་ཙམ་རིང་གི་གྲོང་ཚོ་ཧྲིལ་པོ་གནས་སྤོའི་གྲ་སྒྲིག་ལས་དོན་ལེགས་གྲུབ་བྱུང་བས། ང་རང་གཞི་ནས་སེམས་ལྷོད་ལ་བབས་སོང”ཞེས་འཁོད་ཡོད།
2019ལོའི་ཟླ་1ཚེས་7ཉིན། ཀླེ་གཞུག་གྲོང་ཚོའི་དུད་ཚང་99ཡི་ཞིང་འབྲོག་པས་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས། “དཀར་ཆ་དོད་ལ་རྒྱ་ཆེ་བའི་སྡོད་ཁང་གསར་པ་དང་གྲོང་མི་ཚོའི་བདེ་སྐྱིད་ལྡན་པའི་འཛུམ་མདངས་མཐོང་དུས། ལས་ཀ་འདི་བྱེད་རིན་ཆོག་སོང་སྙམ་པ་དང་། དུས་མཚུངས་དཀའ་ཚེགས་ཆེ་བའི་ལས་འགན་གསར་པ་ཞིག་གི་འགོ་ཡང་ཚུགས་པ་ཚོར་བྱུང་། རྗེས་མཐུད་ཀྱི་ཐོན་ལས་གདམ་ག་དང་འཕེལ་རྒྱས་ཇི་ལྟར་གཏོང་བ་ནི་ཕྱིས་འབྱུང་གི་གལ་ཆེའི་ནང་གི་འགངས་ཆེ་རེད”ཅེས་ལི་ཡུས་ཏུང་གིས་ཕྲག་གི་འགན་འཁྲི་ལྕི་རུ་ཕྱིན་པ་ཚོར།
གྲོང་མི་ཚོའི་ཁྱིམ་གྱི་སེའུ་སྡོང་ལ་འབྲས་བུ་བཏགས་པ་མཐོང་དུས། ལི་ཡུས་ཏུང་གིས་ས་ཕྱོགས་གང་སར་སེའུ་སྡོང་འདེབས་འཛུགས་ལས་རིགས་ལ་མདུན་ལམ་ཡོད་མེད་སྐད་ཆ་འདྲི་བར་བསྐྱོད། “གྲོང་ཚོའི་ཨུ་ལྷན་གཉིས་དང་འབྲེལ་གཏུག་བྱས་རྗེས《ཀླེ་གཞུག་གྲོང་ཚོའི་མུའུ་ཁྲི་ཡི་སེའུ་སྡོང་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་གྲོས་འགོའི་ཡི་གེ》བྲིས་ཡོད”2019ལོའི་ཟླ་5ཚེས་9ཉིན་གྱི་ཉིན་ཐོར། ཁོང་གིས་སེའུ་སྡོང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་ཉིད་ཀྱི་བརྒྱུད་རིམ་སྐོར་བཀོད་ཡོད་པ་སྟེ། “ཤང་ཏང་ཨུད་སྲིད་གཞུང་གི་འགོ་ཁྲིད་དང་དེ་བཞིན་ཁེ་ལས་དང་འབྲེལ་གཏུག་བྱས་པས་གྲོས་འགོའི་ཡི་གེ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་སོང་། བྱས་འབྲས་ཆུད་མི་ཟ་ཟེར་བ་ལྟར་དོན་དངོས་དང་མཐུན་པའི་བསམ་འདུན་ཡོད་ན་དེ་འགྲུབ་ཆེད་འབད་བརྩོན་བྱེད་དགོས”
རི་ཁུལ་གྱི་ཆ་རྐྱེན་ཞན་པའི་སྡོད་ཁང་དང་ཁ་བྲལ་རྗེས། ཀླེ་གཞུག་གྲོང་ཚོའི་གྲོང་མི་ཚོས་རྨ་ཆུའི་འགྲམ་དུ་རེ་བའི་ས་བོན་བཏབ། 2020ལོར་གཅན་ཚ་རྫོང་གིས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1300བཏང་ནས“རྨ་ཆུའི་དམངས་ཁྲོད་སྡོད་ཁང་གི་གྲོང་ཚོ་དང་པོ”བསྐྲུན་ནས་ཀླེ་གཞུག་གྲོང་ཚོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རིང་ལི་ཡུས་ཏུང་གིས་ཇུས་འགོད་བྱས་པའི་མུའུ་ཁྲི་ཡི་སེའུ་སྡོང་ལྡུམ་ར་ཡང་ཚུད་ཡོད། བྱིས་པའི་རོལ་རྩེད་གླིང་དང་། འཁྱག་ཤུད་ར་བ། ཆུ་རྩེད་ར་བ་སོགས་ཀླེ་གཞུག་གྲོང་ཚོའི་འབྱུང་འགྱུར་གྱི་རྣམ་པ་གསར་རྐྱང་ཞིག་མིག་ལམ་དུ་མངོན་བཞིན་འདུག
ལི་ཡུས་ཏུང་གིས་ཀླེ་གཞུག་གྲོང་ཚོའི་དབུལ་སྒྲོལ་གྱི་དམིགས་བསལ་ཉིན་མོར་སོ་སོའི་ཉིན་ཐོའི་ནང“2019ལོའི་ཟླ་10ཚེས་17ཉིན། གནམ་དྭངས། གཟའ་ཕུར་བུ། དུད་ཚང་དབུལ་པོས་དབུལ་སྒྲོལ་གྱི་འདུན་ཞུའི་ཡི་གེ་བྲིས་པ་ལས། ཀླེ་གཞུག་གྲོང་ཚོ་དབུལ་ཞྭ་ཕུད་པ་མཚོན་ཡོད། དེ་ཉིན་གྲོང་མི་ཚོའི་བབ་ཆགས་པའི་གཏམ་བཤད་དང་འཛུམ་མདངས་ངས་ནམ་ཡང་བརྗེད་མི་སྲིད”ཅེས་འཁོད་ཡོད།
2020ལོའི་ཟླ་11པར་ལི་ཡུས་ཏུང་གཅན་ཚ་རྫོང་སྲིད་གཞུང་གིས“དབུལ་སྒྲོལ་འགག་སྒྲོལ་གྱི་ཕུལ་བྱུང་ཧྲུའུ་ཅི་དང་པོར”བདམས་པ་རེད།
གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལི་ཡུས་ཏུང་དང་གྲོང་མི་ཚོ་ལྕང་མ་འཛུགས་བཞིན་འདུག གྲོང་ཚོ་ཧྲིལ་པོའི་མུའུ་138ཀྱི་རྗེས་མཐུད་ཐོན་ལས་ཁུལ་དུ་ཁ་སུར་སྡོང་པོ་དང་། ལི་སྡོང་། ཀྱུར་སྡོང་། སེའུ་སྡོང་སོགས་འབྲས་ཤིང་གི་སྐྱེ་འཚར་ཡག་པོ་འདུག
བཏབ་མ་ཐག་པའི་ཤིང་འབྲས་སྡོང་པོ་དེ་དག་མཐོང་སྐབས། ལི་ཡུས་ཏུང་གིས“གནས་སྤོས་དབུལ་སྐྱོར་བྱས་པ་དེས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱུང་ཡོད་ལ། མང་ཚོགས་ཕྱུག་པོའི་ལམ་དུ་སྐྱོད་པར་ཡང་རོགས་རམ་ཐུབ་སོང་། ངས་ཉིན་ཐོ་འབྲི་མཚམས་མ་བཞག་པར་ཀླེ་གཞུག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་མི་སེམས་འགུལ་བའི་སྐོར་མུ་མཐུད་འགོད་ཀྱི་ཡིན”ཞེས་བརྗོད།