ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱར་ནན་པོར་གཞིགས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་དམ་ཚགས། རྣམ་པ་གསར་གཏོད་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་གིས་ཐོག་མའི་བསམ་འདུན་རྟོགས་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་བྱས་རྗེས་འཇོག་དགོས་པའི་ཁྲིད་སྟོན་བྱས་པ་རེད།
ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཏང་གི་སློབ་ཚན་འཚོགས་ཤིང་། གནས་ལུགས་སྣ་ཚོགས་དྲངས་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་སློབ་ཚན་དེས་དེ་གར་ཡོད་པའི་དགེ་སློབ་ཚོའི་སྣེ་ཁྲིད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ཀྱི་དོན་ཆེན་བསྐྱར་དྲན་བྱས་པ་ལས། ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོས་འཛིན་གཏིང་ཟབ་ཐུབ་ཡོད་ལ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁོང་ཚོའི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་སོང་ཡོད།
ཉེ་ཆར་བོད་ལྗོངས་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་དང་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་དང་། མི་དམངས་དངུལ་ཁང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུའི་ལས་འགན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ནང་ཁུལ་གྱི་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།
སྙན་ཞུའི་ཚོགས་འདུའི་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དོན་སྙིང་རྒྱས་བཤད་བྱས་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དུས་སྐབས་བཅས་ཏང་གི་ལོ་རྒྱུས་དུས་མཚམས་བཞིར་ཕྱེ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་དང་དེ་མཚུངས་དུས་མཚམས་ཀྱི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་གོ་བདེ་ཤེས་སླའི་ངང་འགྲེལ་བཤད་བརྒྱབ་ནས། ཚོགས་ཞུགས་ཏང་ཡོན་ཚོར་དད་སེམས་བརྟན་དུ་གཏོང་བ་དང་། མི་སེམས་ལ་ཟུག་པ། གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཏང་གི་ལོ་རྒྱུས་ཆེད་དོན་སྙན་ཞུ་ཞིག་བྱས་པ་རེད།
ཉིན་ཤས་གོང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་མཉམ་འབྲེལ་ཐོག་འཚོགས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པར་འཚོགས་པ་རེད།
“གསར་བརྗེའི་ས་བོན་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་ཇི་ལྟར་བྱེད་དགོས་སམ”“གཞོན་ནུ་སློབ་མ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་གཉིས་ཟུང་འབྲེལ་ཇི་ལྟར་བྱེད་དགོས་སམ”ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་སྤྱི་གཞོན་པ་ཁྲེན་ཧྲང་པང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་དང་པོ་བསྒྲེངས་པའི་གནས་དང་། བོད་ཀྱི‘གསར་བརྗེའི་འབྱུང་ཁུངས’ ‘གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ’བཅས་ཡིན། སློབ་གྲྭས་ཏང་གི་ལོ་རྒྱུས་ཐོན་ཁུངས་གང་ལེགས་སྤྱད་དེ་གཞོན་ནུ་སློབ་མར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་སྔར་བས་ཡག་པོ་གཏོང་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པས་དུས་ཐེངས་གོང་མར་སློབ་མའི་ཁྲོད་དུ་ལས་ཞོར་ཏང་གི་སློབ་གྲྭའི་བྱེད་སྒོ་དུས་ཐེངས་ལྔ་སྤེལ་བ་དང་དུས་ཐེངས་རེར་ཕུལ་བྱུང་སློབ་མ་86ཞུགས་ཡོད། བྱེད་སྒོ་སྤེལ་བ་བརྒྱུད་སློབ་མ་ཚོས་ཏང་གི་ལོ་རྒྱུས་ཤེས་རྟོགས་དེ་བས་གཏིང་ཟབ་པོ་བྱུང་ཡོད། “ང་ཚོས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་གྱིས་ཕུགས་བསམ་ལྡན་པ་དང་། འཇོན་ཐང་ལྡན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དེང་རབས་གཞོན་ནུ་ཞིག་བྱས་ཏེ། ལང་ཚོ་ཆུད་ཟོས་ལ་གཏོང་གི་མིན་ལ་རླབས་ཆེན་གྱི་དུས་རབས་དེའང་ཆུད་ཟོས་སུ་གཏོང་གི་མིན་ཞེས་མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མ་ཀུན་བཟང་རྡོ་རྗེས་བཤད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་ཀྱི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཕྲལ་མར་འཚོགས་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་འགོ་འཛུགས་ནུས་ལྡན་དང་། དོན་འཁྱོལ་ནུས་ལྡན། རྣམ་པ་ཕུན་སུམ་ཚོགས་པོ། ཕན་འབྲས་མངོན་གསལ་དོད་པོ་བཅས་ཡོང་བའི་འགན་ལེན་བྱས་པ་རེད།