དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གི་རུ་འབྲིང་དང་པོ་1988ལོར་བཙུགས་པ་དང་སྔ་རྗེས་སུ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཉིས་ཐོབ་པ་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས“གཞི་རིམ་འཛུགས་སྐྱོང་གི་དཔེ་དམག་རུ་འབྲིང”ལ་ཐེངས་2བདམས་པ་རེད།
2000ལོའི་ཟླ་4ཚེས་9ཉིན་སྤོ་བོ་རྫོང་ཡིད་འོང་ཤང་དུ་རི་ཉིལ་བའི་དོན་རྐྱེན་ཚབས་ཆེན་ཐོན་ཏེ་སྐད་ཅིག་ཉིད་དུ་རི་གཡོ་ས་འགུལ་གྱིས་སྐར་མ་10ཙམ་རི་ཉིལ་བ་བརྒྱུད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3ཙམ་གྱི་ཕུང་གསོག་ཐེབས་པའི་དངོས་པོ་དག་རིང་ཚད་ལ་སྤྱི་ལེ་2.5དང་། ཞེང་ཚད་ལ་སྤྱི་ལེ་2.4 མཐོ་ཚད་ལ་སྨི་60བཅས་ཡོད་པའི་རགས་ཆེན་ཞིག་ཏུ་གྱུར་ཡོད། ཕུང་གསོག་ཐེབས་པའི་དངོས་པོས་འགྲིམ་འགྲུལ་འགག་པ་དང་ཡིད་འོང་གཙང་པོའི་ཆུ་གཞུང་ཨ་མ་འགག་ནས་ཡིད་འོང་མཚོ་ཉིན་རེར་ཆ་སྙོམས་སྨི་1གི་མྱུར་ཚད་ཐོག་ནས་ཟམ་མི་ཆད་པར་རྒྱས་ཤུགས་ཆེ་རུ་ཕྱིན་ཏེ་ཉེ་འགྲམ་གྱི་བྲག་སྐས་དང་། ཡིད་འོང་གི་ཤང་གཉིས། ཡིད་འོང་ཇ་བཟོ་གྲྭ། ཤིང་ཆ་ལས་སྣོན་བཟོ་གྲྭ་སོགས་ཀྱི་མང་ཚོགས་4000ལྷག་ཙམ་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད། འཕྲལ་མར་ཉེན་ཁ་མ་སེལ་ཚེ་ཆུ་རགས་ལོག་ནས་སྨད་རྒྱུད་ཀྱི་ཐང་སྨད་ཟམ་ཆེན་དང་། རྒྱལ་ལམ་318 འོད་སྐུད། གྲོང་ཚོ་སོགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་རྒྱུ་རེད།
གནོད་འཚེ་ནི་བཀའ་རྒྱ་དང་གེགས་ཁུལ་ནི་དམག་ས་ཡིན། དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་གི་རུ་འབྲིང་དང་པོར་བཀའ་རྒྱ་འབྱོར་རྗེས་དཔོན་དམག་80ལྷག་ཙམ་གྱིས་རླངས་འཁོར་བཏང་སྟེ་སྤྱི་ལེ་150ལྷག་ཙམ་གེགས་ཁུལ་དུ་མགྱོགས་མྱུར་བསྐྱོད་དེ་འཕྲལ་མར་ཛ་དྲག་གི་ཉེན་སེལ་གེགས་སྐྱོབ་བྱེད་འགོ་ཚུགས་པ། གནོད་འཚེའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་བཏང་ནས་མི་དམངས་མང་ཚོགས་སྔ་ཙམ་ཉེན་ཁ་ལས་གྲོལ་ཆེད། དཔོན་དམག་ཚོས“ཚེ་སྲོག་ལམ་ཐིག”མྱུར་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ། གེགས་སེལ་དངོས་ཟོག་སྒལ་པར་འཁུར་ནས་སྐྱེལ་བ། འགག་པའི་གཙང་ལམ་གཤོང་བ་བཅས་བྱས་པ་རེད། གང་དུ་ལས་འགན་དཀའ་ཚེགས་ཆེ་ན་དེ་གར་སྐྱོད་པ་དང་གང་དུ་ཉེན་ཁ་ཆེ་ན་དེ་གར་འབྱོར་ཐུབ་པ་བྱས་པ་རེད།
གེགས་ཁུལ་དུ་འགྲིམ་འགྲུལ་འགག་ནས་འཕྲིན་གཏོང་ཆད་པས་ཉེན་སྐྱོབ་གེགས་སེལ་སྤྱི་ཁྱབ་བཀོད་འདོམས་པུས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་དང་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་ལ་སྟབས་བདེ་བསྐྲུན་ཆེད། ཡིད་འོང་མཚོ་ཐོག་ཏུ“ཆུ་ཐོག་སྐྱེལ་འདྲེན་ལམ་ཐིག”གཏོད་རྒྱུའི་ཐག་བཅད་དེ་ཉིང་ཁྲིའི་ཡན་ལག་དམག་ཁུལ་གྱིས་རིང་ཚད་ལ་སྨི་7དང་། ཞེང་ཚད་ལ་སྨི་1.5 ལྗིད་ཚད་ལ་སྤྱི་རྒྱ་1500བཅས་ཡོད་པའི་གདོང་མཆོང་གྲུ་གཟིངས་ཞིག་བཏང་བ་རེད། གདོང་མཆོང་གྲུ་གཟིངས་སྤོ་བོ་རྫོང་དུ་སྐྱེལ་སྐབས་འགྲོ་ལམ་འགག་པའི་དབང་གིས་གེགས་ཁུལ་དུ་སྐྱེལ་ཐབས་བྲལ་བས་གེགས་སེལ་བཀོད་འདོམས་པུས་གླ་པ་20གླས་ནས་གདོང་མཆོང་གྲུ་གཟིངས་བཏེགས་ཏེ་སྨི་100ཙམ་བགྲོད་མཐར་ལྗིད་དྲག་ནས་མདུན་དུ་སྐྱོད་ཐབས་བྲལ། རུ་འབྲིང་དང་པོས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་ལས་འགན་དེ་དང་དུ་བླངས། དཔོན་དམག་35ཡིས་རེས་མོས་བྱས་ཏེ་གདོང་མཆོང་གྲུ་གཟིངས་བཏེགས་ནས་ས་རྡོ་དང་འདམ་བག་གིས་ཁེངས་པའི་ལམ་དུ་ཆུ་ཚོད་3ལྷག་ཙམ་དཀའ་སྤྱད་མདུན་སྐྱོད་བྱས་པ་བརྒྱུད་གདོང་མཆོང་གྲུ་གཟིངས་ཡིད་འོང་མཚོ་ཐོག་ཏུ་དབོར་ཐུབ་ཙམ་བྱུང་ཡོད།
ཟླ་4ཚེས་22ཉིན་གེགས་སེལ་དངོས་ཟོག་ཁག་དང་པོ་ཐང་སྨད་དུ་འབྱོར་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཕྲལ་མར་སྐྱེལ་དགོས་པས་རུ་འབྲིང་དང་པོས་བཀའ་དང་ལེན་ཞུས་རྗེས་དཔོན་དམག་ཚོས་ག་དུས་ཡིན་རུང་འདམ་རྡོའི་ཆུ་རུད་ཐོན་སྲིད་པའི་ཉེན་ཁར་མི་འཛེམས་པར་གེགས་སེལ་དངོས་ཟོག་ལྕི་པོ་སྒལ་པར་འཁྱེར་ནས་ནགས་ཚལ་ཁྲོད་བསྐྱོད་པ་དང་ཉེན་ཁུལ་སྒྲོལ་བ་སོགས་རི་ལམ་སྤྱི་ལེ་12སར་ཕར་སྐྱེལ་ཚུར་འདྲེན་བྱས་པ་རེད། དཔུང་པ་མནན་ནས་བརྡོལ་བ་དང་། ལྷམ་བརྡར་ནས་རལ་བ། ལག་པ་བྲེལ་ནས་རྨས་པ། རྐང་པ་བརྡབས་ནས་སྐྲངས་པ་སོགས་ལུས་པོར་ན་ཟུག་གིས་མནར་ཡང་སྡུག་ཡུས་ཤོད་མཁན་གཅིག་ཀྱང་མེད། དཔོན་དམག་ཡོངས་ཀྱིས་ཉིན་མཚན་4རྒྱུན་མཐུད་ངང་དཀའ་སྤྱད་འབད་བརྩོན་བྱས་མཐར་གེགས་སེལ་དངོས་ཟོག་ཏུན་20ལྷག་ཙམ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སར་སྐྱེལ་ཐུབ་པ་བྱུང་ཡོད། ཚེས་26ཉིན་རིང་ཚད་ལ་སྨི་25དང་ཞེང་ཚད་ལ་སྨི་15ཡོད་པའི་འདམ་རྡོའི་ཆུ་རུད་ཀྱི་ཕུང་གསོག་དངོས་པོས་ཐང་སྨད་ཟམ་ཆེན་ནས་ཉེན་སྐྱོབ་གེགས་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་བཅའ་སྡོད་བྱ་ཡུལ་བར་གྱི་རི་ལམ་འགག་སྟེ་གེགས་སེལ་དངོས་ཟོག་སྐྱེལ་ལམ་ཐོག་རླངས་འཁོར་སྐྱོད་ཐབས་བྲལ་བ་རེད། རུ་འབྲིང་གི་དཔོན་དམག་ཚོས་ཆར་པར་མི་འཛེམས་པར་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཆུ་ཚོད་10ལྷག་ཙམ་ལྕགས་ཧྲེང་བཀྱག་པ་དང་། རྡོ་དབོར་བ། འདམ་བག་དབྱུགས་པ་སོགས་བྱས་ནས་འགྲོ་ལམ་བཤངས་ཡོད། གསར་དུ་ཉམས་བཟོ་བྱས་པའི་གཞུང་ལམ་དུ་འདམ་བག་སླ་བས་རླངས་འཁོར་སྐྱོད་ཐབས་བྲལ་སྟབས་དཔོན་དམག་ཚོས་གཙང་པོའི་ནང་ནས་ཤིང་བསྒྲུགས་ཏེ་ས་ལམ་ཁར་དུ་བཏིང་བ་དང་སྦྲགས། ལྕགས་སྐུད་ཀྱིས་བདམས་ནས་གེགས་ཁུལ་དུ་སྐྱོད་སའི“ཚེ་སྲོག་ལམ་ཐིག”གཅིག་པུ་དེ་ཤར་བགྲོད་ཐུབ་པར་བྱས་ཡོད།
ཡིད་འོང་དུ་ཉེན་སེལ་གེགས་སྐྱོབ་ཉིན་མཚན་90ལྷག་ཙམ་བྱས་ཏེ་རུ་འབྲིང་དང་པོའི་དཔོན་དམག་ཚོས་འགྲོ་ལམ་སྤྱི་ལེ་12ཉམས་བཟོ་བྱས་པ་དང་། ཆུ་ལམ་སྤྱི་ལེ་20ལྷག་ཙམ་བཤངས་བ། ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་8900དབོར་བ། གེགས་སེལ་དངོས་ཟོག་ཏུན་50སྒལ་པར་འཁྱེར་ནས་བསྐྱལ་བ། གེགས་སེལ་དངོས་ཟོག་ཏུན་118འདོན་འཇུག་བྱས་པ། ཉེན་ཁ་སྣ་ཚོགས་38བསལ་བ། གནོད་འཚེ་ཕོག་པའི་མང་ཚོགས་མི་ཐེངས་495ཡི་སྡོད་གནས་སྤོས་པ། གནོད་འཚེ་ཕོག་པའི་མང་ཚོགས་མི་ཐེངས་476ལ་ཟ་སྡོད་ཀྱི་སྟབས་བདེ་བསྐྲུན་པ་བཅས་བྱས་ཡོད།
དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་གི་རུ་འབྲིང་དང་པོའི་དཔོན་དམག་ཡོངས་ཀྱིས་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས“ཡིད་འོང་ཉེན་སེལ་དཔའ་བོའི་རུ་འབྲིང”གི་མཚན་སྙན་སྤྲད་པ་རེད།