དབུ་ཤོག>ཆེད་སྒྲིག
  • སྔོན་གཤེགས་དཔའ་བོའི་ཕུགས་འདུན་རྒྱུན་འཛིན་གྱིས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-10

    དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད། སྔོན་གཤེགས་དཔའ་བོའི་མཛད་རྗེས་རླབས་ཆེན་ལ་རྗེས་དྲན་ཞུ། དྭངས་གསལ་དུས་ཚིགས་སྐབས་སུ་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བྱེད་སྒོར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་མར་གསར་བརྗེའི་བག་ཆགས་བཟང་པོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཅིག་བཏང་ཞིང་། ཚང་མས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་དང་། དཔའ་བོའི་གཏམ་རྒྱུད་ཉན་པ་སོགས་ས་གནས་ས་ཐོག་གི་སློབ་གསོའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་སྔོན་གཤེགས་དཔའ་བོའི་ཕུགས་འདུན་རྒྱུན་འཛིན་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

    དུར་མཆོད་བྱེད་སྒོ་སྤེལ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་བློ་སྦྱོང་བྱེད་པ་དང་། འཕོ་འགྱུར་ཆེན་པོར་བལྟས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཏེ་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་ངག་བསྡམས་ནས་མྱ་ངན་ཞུ་བ་དང་། སྔོན་གཤེགས་དཔའ་བོའི་སྐུ་པར་དང་དུར་བྱང་གི་ཡི་གེར་བལྟ་བ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བཅས་བྱས་ནས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་ལོ་རྒྱུས་དུས་སྐབས་ཁག་ནང་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་སེམས་དྲག་པོ་དང་གུས་སེམས་ཆེན་པོ་མཚོན་པར་བྱས་པ་རེད། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“ཚེ་སྲོག་གི་རང་མདངས་འགྱུར་བ་ག་ལ་སྲིད། མཛད་རྗེས་རྡོ་རིང་ནམ་ཡང་གནས་པར་གྱུར”ཞེས་པའི་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་བ་མ་ཟད། ས་གནས་ས་ཐོག་ཏུ“གསར་བརྗེའི་དྲན་འཆར”ཞེས་པའི་སྒྱུ་རྩལ་གསར་རྩོམ་ཕབ་བཟོའི་ལས་དོན་སྤེལ་བ་རེད།

    སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་དྲན་གསོ་ཞུ། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྔོན་གཤེགས་དཔའ་བོའི་ནང་མི་དང་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་སོགས་ལ་འཚམས་འདྲི་བྱས་པ་དང་། སྔོན་གཤེགས་དཔའ་བོའི་རྗེས་རབས་པ་གདན་དྲངས་ཏེ་ལས་ཁུངས་དང་། སློབ་གྲྭ ཁེ་ལས། སྡེ་ཁུལ། དགོན་སྡེ་བཅས་སུ་བསྐྱོད་དེ་བཞུགས་མོལ་སྤེལ་རེས་བྱས་པ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་གླེང་བ་རེད། བོད་དམག་ཁུལ་ཁང་གི་མཐའ་མཚམས་ཐོན་ཤོག་ཅིག་གིས“དཔའ་བོར་སློབ་སྦྱོང་ཞུ། སྔོན་གཤེགས་དཔའ་བོ་གོང་དུ་བཀུར”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་ལོ་72ལ་སླེབས་པའི་གསར་བརྗེའི་དམག་མི་རྒན་གྲས་དཔལ་འབྱོར་གདན་དྲངས་ནས་དམག་འཐབ་ཀྱི་ཉམས་མྱོང་བརྗོད་པ་དང་། དཔལ་འབྱོར་གྱིས་དཔོན་དམག་ཚོའི་སྣེ་ཁྲིད་དེ་རང་ཉིད་འཚོ་བ་སྐྱེལ་མྱོང་བ་དང་ལས་དོན་སྒྲུབ་མྱོང་བའི་ས་ཆ་སྟེ། སྐྲ་བདུན་དམིགས་བསལ་ལས་དོན་ཨུ་ལྷན་གྱི་རྗེས་ཤུལ་དུ་བསྐྱར་དུ་བསྐྱོད་ནས་མཐའ་སྲུང་གི་འདས་དོན་གླེང་བ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སློབ་གྲྭ་འབྲིང་ཆུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་གློག་བརྙན་རྙིང་པ་ལྟ་བ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་གཏམ་རྒྱུད་ཤོད་པ། སྔོན་གཤེགས་དཔའ་བོའི་ནང་མིར་འཚམས་འདྲིའི་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་སློབ་མ་ཚོར་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་སྔར་བས་རྒྱུས་ལོན་དང་། སྔོན་གཤེགས་དཔའ་བོའི་མཛད་རྗེས་སློབ་སྦྱོང་། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་བརྩེ་བ་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཕུགས་འདུན་འཆང་བ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་གསར་ཧུར་ཐག་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    དང་བླངས་ཞབས་འདེགས་ཡག་པོ་ཞུས། དྭངས་གསལ་དུས་ཚིགས་གོང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་རིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ་དོན་དངོས་དང་ཟུང་འབྲེལ་གྱིས“དུས་བདེའི་དྭངས་གསལ། ལྗང་མདོག་གི་དུར་མཆོད”ཅེས་པའི་དྭངས་གསལ་དུས་ཚིགས་ཀྱི་དང་བླངས་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རིམས་ནད་སོགས་ཀྱི་རྒྱུ་རྐྱེན་གྱིས་སྔོན་གཤེགས་དཔའ་བོའི་ནང་མི་ཁག་གཅིག་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་མཆོད་ལ་ཡོང་ཐབས་བྲལ་བར་དམིགས་ཏེ། དུར་མཆོད་ཞབས་ཞུའི་དགོས་མཁོ་ཐོ་འགོད་ཧུར་ཐག་བྱས་པ་རེད། དྭངས་གསལ་དུས་ཚིགས་ཀྱི་ཉིན་དེར་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ནས་དུར་མཆོད་ཚབ་བྱེད་ཀྱི་ཞབས་འདེགས་ཞུས་པ་མ་ཟད། ཉིན་ལྟར་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བང་སོའི་སྐྱེད་ཚལ་དུ་གཙང་སྦྲ་དང་དུག་སེལ་བྱས་པ་དང་། སྤྱི་པའི་བང་སོའི་སྐྱེད་ཚལ་གྱི་སྒོ་ཁར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཡུལ་བཙུགས་ནས་ཆེད་མི་བཀོད་སྒྲིག་བྱས་ཏེ་ལུས་དྲོད་བརྟག་པ་དང་ཁ་རས་བརྒྱབ་ཡོད་མེད་ཞིབ་བཤེར་བྱས་པ་མ་ཟད། ལག་པ་འཁྲུ་མི་དགོས་ལག་འཁྲུའི་གཤེར་ཁུ་དང་། ཁ་རས། བཀྲག་རྩི། སྤུ་སྨྱུག ཕྱག་མ་སོགས་རིན་མེད་ངང་མཁོ་འདོན་བྱས་པ་རེད། དེ་དང་ཆབས་ཅིག“འཚང་གཡོལ་དང་ཚད་བཀག་བཟོ་བ”ཟུང་འབྲེལ་གྱི་དུར་མཆོད་ཞབས་འདེགས་ཞུ་སྟངས་སྤྱད་དེ་ཆུ་ཚོད་གཉིས་རེ་དུར་མཆོད་ཀྱི་དུས་མཚམས་རེ་བྱས་པ་དང་། དུས་མཚམས་རེར་བང་སོར་ཡོང་མཁན་མི་གྲངས་100ལས་མི་བརྒལ་བ་བྱས་ཏེ་དུར་མཆོད་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།