སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པ་ནི་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན”ཞེས་གསུངས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
འགོ་ཁྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་ཤིང་། “གོང་རིམ་ལ་དཔེ་ལྟ་ས་ཡོད་ན་འོག་རིམ་ཡར་རྒྱས་ཡོང་བ་དང་། གོང་རིམ་རྙོག་ན་འོག་རིམ་ཡང་རྙོག” རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན་བྱེད་པ། འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་པ། དཔེ་སྟོན་སྣེ་ཁྲིད་བཅས་བྱས་ཏེ་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཁ་གཏད་མི་འདྲ་བ་བཅས་ལ་དམིགས་ནས་བླང་བྱ་བཏོན་ཏེ་ཞིབ་ཕྲའི་ལས་འགན་དང་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁ་གསལ་བཟོ་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ཚན་པས་རང་འགན་གཙང་སྒྲུབ་དང་། གཞོགས་འདེགས་དམ་ཟབ། གཞི་གཅིག་སྐུལ་སྤེལ་བཅས་གཏོང་དགོས།
“ཟུང་འབྲེལ”གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་ལ་ལྟ་ཞིབ། ལས་དོན་ལ་སྐུལ་འདེད་བཅས་དང་ཟུང་འབྲེལ་དང་། སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་ནས་སློབ་སྦྱོང་དང་ལས་ཀ་གཉིས་ཐ་དད་དུ་མི་འགྱུར་བར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་བོད་ཀྱི་ལོ་ངོ་70རིང་གི་རང་རེའི་ཏང་གི་གསར་བརྗེའི་ལག་ལེན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་དྲན་དང་ཕྱོགས་སྡོམ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་སུ་སྤེལ་བཞིན་པའི“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དགོས་པ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ་དགོས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་དགོས་པ”བཅས་ཀྱི་ཆེད་དོན་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི” “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད” “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་རྒྱུ་དང་ཟུང་འབྲེལ།
ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ལ་དམིགས་པ། སློབ་སྦྱོང་སློབ་གསོ་དང་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་གཏོང་བཅས་ཀྱི་ཐོག་ནས་སློབ་སྦྱོང་སློབ་གསོའི་ཁྲོད་འཕེལ་བའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་རྒྱུ་འགན་ལེན་གྱི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་པ་དང“འགན་ལེན་བཞི”མངོན་འགྱུར་གྱི་ལས་དོན་གྱི་སྒུལ་ཤུགས་ལ་བསྒྱུར་བ་བྱེད་དགོས།
དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་སྤྱི་འདོམས་མཛུབ་ཁྲིད་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། “སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས། “གུང་ཁྲན་ཏང་ཡོན”གྱི་སློབ་གསོའི་ལས་སྟེགས་བཅས་ཀྱི་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱེད་པ་དང་། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་། གཙོ་རྐང་། གཙོ་རྒྱུན། ངོ་བོ་བཅས་ཁོང་དུ་བརྟན་པོར་ཆུད་པ། རང་ལྗོངས་ཀྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་དང་སྲོག་ཤིང་གི་ནུས་པ་ལས་ཆགས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དྲིལ་བསྒྲགས་དང་། ཀྲུང་གོ་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དྲིལ་བསྒྲགས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དྲིལ་བསྒྲགས། ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་མི་དམངས་ཀྱི་འགོ་ཁྲིད་དེ་ཐོབ་པའི་རླབས་ཆེན་རྒྱལ་ཁ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས། ཏང་གིས་ཡུན་རིང་འབད་འཐབ་བྱེད་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་དང་ཆགས་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དྲིལ་བསྒྲགས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས། ཏང་ཀྲུང་དབྱང་གི་དགོངས་དོན་དང་འབྲེལ་ཡོད་བཀོད་སྒྲིག་དང་དེ་བཞིན་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། ཞིབ་ཕྲའི་བླང་བྱ། ས་ཁུལ་དང་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱེད་ཐབས་བཟང་པོ་དང་། ཉམས་མྱོང་བཟང་པོ། གྲུབ་འབྲས་བཟང་པོ་བཅས་དྲིལ་བསྒྲགས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།
ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་ཡིན། མིག་སྔར་རང་རེའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་དང་འགག་རྩའི་མཚམས་ཚིགས་སུ་གནས་ཡོད་པས། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་དེ་བས་ལེགས་པའི་སྒོ་ནས་ཕྱོགས་སྡོམ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ་བཅས་བྱས་ཏེ། གསར་བརྗེའི་ས་བོན་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། སློབ་སྦྱོང་སློབ་གསོར་བརྟེན་ནས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་དོན་གྱི་གྲུབ་འབྲས་ལ་བརྟེན་ནས་སློབ་སྦྱོངསློབ་གསོའི་འབྲས་བུར་ཞིབ་དཔྱད་ཏན་ཏིག་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།