དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སྔོན་གཤེགས་དཔའ་བོར་མཆོད་འབུལ། སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད”ཅེས་པའི་དུར་མཆོད་བྱེད་སྒོ་ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-06

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སྔོན་གཤེགས་དཔའ་བོར་མཆོད་འབུལ། སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད”ཅེས་པའི་དུར་མཆོད་བྱེད་སྒོ་ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་གཟབ་རྒྱས་ཞུས་ཏེ། གསར་བརྗེའི་ས་བོན་དང་གསར་བརྗེའི་བརྒྱུད་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་ཡོང་བ་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཕེབས་པ་རེད།

    གསོམ་ཤིང་གི་ལྕུག་ཕྲན་དལ་བུར་གཡོ། མཛད་རྗེས་རྡོ་རིང་ཀྲོང་ངེར་འགྱིང་། 1955ལོར་བསྐྲུན་པའི་ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཁུ་སིམ་ཞིང་བརྗིད་ཉམས་ཆེ་བ་ཞིག་ཡོད།

    དྲན་གསོའི་རྡོ་རིང་གི་རྨང་གདན་ཐོག་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། སྲིད་གྲོས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་བཅས་ཀྱིས་ཕུལ་བའི་མེ་ཏོག་གི་སི་ར་ཆེན་པོ་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། དར་འཛར་དམར་པོའི་ཐོག་ཏུ“སྔོན་གཤེགས་དཔའ་བོ་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག”ཅེས་གསེར་མདོག་ཅན་གྱི་ཡིག་འབྲུ་བཀོད་ཡོད།

    སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་དངོས་སུ་སྤེལ་ཞིང་། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》བཀྲོལ་བ་དང་ཚོགས་ར་ཡོངས་ནས་སྐད་གསང་མཐོན་པོས་གླུ་གཞས་བླངས་ཏེ། གླུ་སྒྲ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཡོངས་སུ་གྲགས། དེ་རྗེས་བྱེད་སྒོར་ཞུགས་མཁན་ཚང་མས་གུས་སྟབས་ཀྱིས་ལངས་ནས་མགོ་བོ་དུད་དེ་བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་རང་སྲོག་སྐྱེས་སུ་འབུལ་མཁན་གྱི་སྔོན་གཤེགས་དཔའ་བོ་དང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ཆེད་རང་སྲོག་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ། བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་བྱེད་རིང་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ། རྒྱ་གར་ལ་མཐའ་མཚམས་ཀྱི་རང་སྲུང་འགོག་རྒོལ་དམག་འཐབ་ཁྲོད་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གསར་བརྗེ་འཛུགས་སྐྱོང་ཁྲོད་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་བཅས་ལ་ངག་བསྡམས་ནས་མྱ་ངན་ཟབ་མོ་ཞུས་པ་རེད།

    ཡན་ཅིན་ཧའེ་ཡིས། ང་ཚོས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་སྡོམ་ཡག་པོ་བྱས་ནས་ཏང་གི་ལོ་བརྒྱའི་བརྗིད་ཆེའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མུ་མཐུད་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེན་པ་དང་གསར་བརྗེའི་སྔོན་བྱོན་པ་ཚོའི་འབད་འཐབ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྔར་བས་ཐུབ་པ་བཅས་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།