“ང་1964ལོར་ཏང་ལ་ཞུགས་པ་དང་རྫོང་ཡོངས་ཀྱི་ཡར་ལངས་ཞིང་བྲན་ཁྲོད་ཀྱི་ཁག་དང་པོའི་ཏང་ལ་ཞུགས་པའི་མི་གསུམ་གྱི་གྲས་སུ་གྱུར་བ་དང་། དེ་ནི་ངའི་མི་ཚེའི་ཁ་ཕྱོགས་བསྒྱུར་བའི་ལོ་ཞིག་ཡིན”ཞེས་པ་དེ་ནི་བོད་རིགས་རྒན་མོ་བསྟན་འཛིན་མཚོ་མོའི་སྐད་ཆ་རེད། བོད་ལྗོངས་ས་དགའ་རྫོང་གཞུང་རུ་ཤང་གྲོད་པ་སྦུག་གྲོང་ཚོའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་ཏང་གི་སློབ་ཚན་ཐོག་ལོ་79ལ་སླེབས་གྲབས་ཡོད་པའི་བགྲེས་སོང་དེ་དམིགས་བསལ་གྱི་འཆད་ཁྲིད་པར་གྱུར།
འདི་ལོ་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བའི་ལོ་ཡིན་ཞིང་། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཆར་ཉེའི་མཚམས་སུ་ཡར་ལངས་ཞིང་བྲན་ཚོ་བོད་ཀྱི་ས་ཆ་ཁག་གི་གཞི་རིམ་ཏང་གི་སློབ་ཚན་འཆད་སྟེགས་སུ་བསྐྱོད་པ་དང་། རང་ཉིད་ཀྱི་མྱོང་ཚོར་ངོ་མར་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེའི་ཁ་ཕྱོགས་བསྒྱུར་མཚམས་ལ་ཕྱིར་དྲན་བྱས།
ཏང་ཡོན་རྒན་གྲས་ཁོང་ནི་བོད་རྙིང་པར“ལུག་རྐུ་མཁན”ཞིག་ཡིན་པ་སློབ་ཚན་ཉན་པར་ཡོང་མཁན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་ཡུལ་ལས་འདས།
བསྟན་འཛིན་མཚོ་མོ་1942ལོར་སྐྱེས་པ་དང་ཚེ་གང་པོར་བོད་ཀྱི་ནུབ་རྒྱུད་ཀྱི་ཆ་སྙོམས་ས་བབ་སྨི་4500ལྷག་ཟིན་པའི་འབྲོག་ར་དེར་འཚོ་བ་བསྐྱལ། ལོ་ན་ཆུང་དུས་ཁོང་གི་དུད་ཚང་ནི་གྲོང་ཚོའི་ཉེ་འགྲམ་གྱི་དགོན་པ་ཞིག་གི་ཞིང་བྲན་ཡིན་ལ་དགོན་པའི་ཕྱུགས་ཟོག་འཚོས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད་ལ། ལུག་ཤ་དང་། འོ་ཕྱུར། པགས་རིགས་སོགས་ཚང་མ་དགོན་པར་དབང་བ་དང་། ཁྱིམ་གྱི་ནང་མི་བརྒྱད་པོ་ཚང་མ་གུར་གཅིག་གི་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས་ཀྱི་ཡོད།
“ང་རང་ལོ་བརྒྱད་དགུ་ཙམ་ལ། ནང་ནས་དགོན་པའི་བུ་ལོན་འཇལ་ཐབས་བྲལ་བས། ཕ་མས་མུན་རུབ་སྐབས་ང་ཚོ་ཁྲིད་ནས་ལུག་དེད་དེ་བྲོས་བྱོལ་དུ་སོང་། ”ནང་མི་ཚང་མས་མ་གཞི་རྩྭ་ཐང་གཞན་ཞིག་ཏུ་བྲོས་ཏེ་འཚོ་བ་བསྐྱལ་བསམས་ཀྱང་བྲོས་ཐར་མ་བྱུང་ཞེས་བསྟན་འཛིན་མཚོ་མོས་བཤད།
དེ་ལྟར་ལུག་བརྐུས་པའི་དབང་གིས་ཁོང་གི་པ་ཕར་ཉེས་རྡུང་ཚབས་ཆེན་བཏང་སྟེ་ཚེ་གང་དབང་པོ་སྐྱོན་ཅན་དུ་གྱུར། སྡོད་སའི་གུར་ཡང་དགོན་པས་གཞུང་བཞེས་བཏང་སྟེ་བུ་ལོན་གྱི་གཏའ་མར་བྱས་པས། ནང་མི་ཚང་མ་བྲག་ཕུག་ཏུ་བསྡད་དགོས་པ་དང་གང་སར་སློང་མོ་བྱེད་པ་དང་ཕྱུག་བདག་ཁྱིམ་ལ་གཡོག་རྒྱུགས་ནས་ཟས་གོས་རག་ཐབས་བྱེད་དགོས་བྱུང་བ་རེད།
“འཚོ་ཐབས་བྲལ་བ་མིན་ན། ང་ཚོས་རྐུ་རྒྱག་ག་ལ་སྲིད”བསྟན་འཛིན་མཚོ་མོ་སྐད་ཆ་ཤོད་ཞོར་མིག་ཆུ་དབང་མེད་དུ་ཤོར།
ཁོང་གིས་ད་དུང་གསལ་པོར་ངེས་པ་ཞིག་ལ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཕ་ཡུལ་དུ་ཁོང་དང་འདྲ་བར་བྲོས་འདོད་ཡོད་པའི་མི་ཡོད་ལ་ས་ཆ་གཞན་ནས་དཀའ་སྡུག་མ་བཟོད་པར་ཚུར་བྲོས་ཡོང་མཁན་ཡང་ཡོད།
རང་དབང་དང་འདྲ་མཉམ་མེད་པའི་དུས་རབས་ནང་། གཉའ་གནོན་དང་སྡུག་པོ་མྱོང་བའི་མི་རྣམས་གང་དུ་བྲོས་ཕྱིན་ཀྱང་། “ཟས་གོས་འཛོམས་ལ་སྐྱིད་ཉལ་རྒྱག་པའི”འཚོ་བ་རྙེད་ཐབས་བྲལ།
1959ལོའི་ཟླ་3པར་ལས་དབང་གི་ཁ་ལོ་སྒྱུར་འགོ་ཚུགས་ཏེ་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་རྦད་དེ་བཅིངས་འགྲོལ་ཐོབ།
བོད་རྙིང་པར་གཞན་གྱི་རྒྱུ་ནོར་ལ་བརྩིས་ཏེ་ཉོ་ཚོང་དང་། ནང་བཤུག སྤྲོད་རེས། གཏའ་མ་བཅས་སུ་བརྩི་བའི་མི་དེ་དག་ལ་ཐོག་མར་རང་ལུས་རང་དབང་ཐོབ་ནས་ས་ཞིང་དང་། ཁང་པ། ཕྱུགས་རིགས་བཅས་བགོས་པ་མ་ཟད། རང་ཉིད་ལ་དབང་བའི་རྒྱུ་ནོར་ཡང་ཡོད་པ་རེད།
བསྟན་འཛིན་མཚོ་མོས་རང་འགུལ་ངང་རང་ཉིད་ལ་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལས་ཀའི་ནང་ཞུགས་ཡོད། དམངས་གཙོའི་བཅོས་སྒྱུར་དངོས་སུ་མ་བྱས་གོང་བཅིངས་འགྲོལ་དམག་གིས་སྒྲིག་འཛུགས་བྱས་པའི་ལས་དོན་རུ་ཁག་གཞུང་རུར་སླེབས་པ་དང་བསྟན་འཛིན་མཚོ་མོ་རིག་རྩལ་རུ་ཁག་ནང་ཞུགས་ཏེ་གླུ་གར་གྱི་རྣམ་པའི་ཐོག་ནས་མང་ཚོགས་ཚོར་སྲིད་ཇུས་དྲིལ་བསྒྲགས་བྱས།
ད་ཆ་བསྟན་འཛིན་མཚོ་མོའི་ཁྱིམ་ཚང་ཆུང་ཆུང་དེ་མི་10ཡོད་པའི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གྱུར་ཡོད། ལོ་འདི་དག་ནང་ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་མྱོང་ཡོད་ལ། ཏང་གི་བུད་མེད་རྩ་འཛུགས་ཀྱི་ལས་ཀའང་བྱེད་མྱོང་ཡོད། ལོ་63ལ་ལས་གནས་ནས་དགོངས་པ་ཞུས་ཀྱང་སྔར་བཞིན་ཏང་རྟགས་བྲང་ཁར་འདོགས་ཀྱི་ཡོད།
ཁོང་གིས་ཕ་ཡུལ་གྱི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ། གྲོང་ཚོ་དེ་ཉིད་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ཀྱི་དབུལ་པོ་དབུལ་རྐྱང་ནས་ད་ཆའི་ཆུ་དང་། ལམ། གློག འཕྲིན་གཏོང་བཅས་ཚང་མ་ཤར་གཏོང་ཐུབ་པའི་བར་འགྱུར་ལྡོག་ཕྱིན་ཡོད། འབྲོག་པ་ཚོ“མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི”རྣམ་གྲངས་ཀྱི་སྡོད་ཁང་ནང་སྤོས་པ་དང་རྨང་གཞིའི་སྒྲིག་བཀོད་འགན་ལེན་གྱི་ཆ་རྐྱེན་ཡང་སྔར་བས་ལེགས་སུ་ཕྱིན་ཡོད། 2019ལོར་ས་དགའ་རྫོང་དབུལ་ཞྭ་དངོས་སུ་ཕུད་ཐུབ་པ་བྱུང་ཡོད།
སྐབས་དེ་དུས་ཀྱི“ལུག་བརྐུས་ནས”འཚོ་ཐབས་བྱེད་པའི་སྐོར་གླེང་སྐབས་ཁོང་གིས་དགོད་འཚེར་འཚེར་བྱེད་པ་དང་གད་མོའི་ཁྲོད་སྐྱོ་སྣང་ཡང་མངོན།
ད་ཆ་ཁོང་གི་ཁྱིམ་ལ་འབྲི་གཡག་40ལྷག་ཙམ་དང་ལུག་60ལྷག་ཙམ་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང་།)