ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དུས་ཆེན་གཟབ་རྒྱས་དེར་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། ཉིན་དེར་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་ལས་འགུལ་སྐོར་གྱི་རང་རྒྱལ་གྱི་དྲན་གསོ་ཁང་འབའ་ཞིག་ཡིན་པ་སྟེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་དེ་ལྷ་སར་དངོས་སུ་སྒོ་ཕྱེ་བ་རེད།
སྔ་དྲོའི་ཆུ་ཚོད་10པར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་1000ལྷག་ཙམ་གྱིས་སྐར་ལྔའི་དར་དམར་དལ་བུར་སྒྲེངས་བ་དང་བསྟུན་ནས་རྒྱལ་གླུ་བླངས། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་བོད་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལོ་62ཀྱི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ཚ་རླབས་ཤིག་འཕྱུར་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས“མངའ་བདག་ཆེན་པོ་གསུམ”གྱི་དབང་སྒྱུར་རྦད་དེ་མགོ་རྟིང་བསློགས་པས། ཞིང་བྲན་ཁྲི་ཚོ་བརྒྱར་རང་ཁྱིམ་རང་བདག་གི་དབང་ཆ་ཐེངས་དང་པོ་ཐོབ།
འདི་ལོ་ལོ་75ལ་སླེབས་པའི་ཡར་ལངས་ཞིང་བྲན་གྱི་འཐུས་མི་རྡོ་རྗེས། “ངའི་མི་ཚེའི་བཀའ་དྲིན་ཆེ་ཤོས་ནི་གུང་ཁྲན་ཏང་དང་། ལོངས་སྤྱོད་ཆེ་ཤོས་ནི་འཛུམ་མདངས། ཤེས་རྟོགས་ཟབ་ཤོས་ནི་བདེ་སྐྱིད་བཅས་ཡིན”ཞེས་བརྗོད་པ་དང་། བོད་རྙིང་པར་བགྲེས་སོང་རྡོ་རྗེའི་ནང་མི་ཚང་མ་ཞིང་བྲན་ཡིན་པ་དང་། ཁོང་ཆུང་དུས་ནས་ཞིང་བྲན་བདག་པོའི་ཕྱུགས་རྫི་བ་ཞིག་བྱས། ནང་མི་བཞི་པོ་ཕྱུགས་ཚང་ནང་སྡོད་པ་དང་ཉིན་ལྟར་འཚོ་ཐབས་ཆེད་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་བྱེད་ལུགས་གང་ལེགས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་ཞིག་རེད། ཁང་དེས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ”བརྗོད་དོན་གཙོ་བོར་བྱེད་པ་དང་། “བོད་གསར་རྙིང་བསྡུར་བ”གཙོ་རྐང་དུ་བྱེད་པ། “དམངས་གཙོའི་བཅོས་སྒྱུར”གཙོ་གནད་དུ་བྱེད་པ་བཅས་ཀྱི་ཐོག་ནས“བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ”དང“བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་ལྗོངས”“རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར”“བོད་གསར་པ་འཛུགས་སྐྲུན་བྱེད་པ”“མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད་པ”བཅས་ཆ་ཤས་5བཙུགས་ཡོད།
ཉིན་དེར་ཉིང་ཁྲི་དང་། ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་དར་སྒྲེང་བ་དང་། རིག་རྩལ་འཁྲབ་སྟོན་བྱེད་པ། གླུ་གཞས་ལེན་པ། པར་རིས་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲན་གསོའི་བྱེད་སྒོ་སྤེལ་བ་རེད།