དབུ་ཤོག>ཆེད་སྒྲིག
  • ཞི་བདེ་སྒོ་ར་ཆེན་པོ་ནས་གྲགས་པའི་བདེ་སྐྱིད་ལྡན་པའི་གླུ་སྒྲ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-03-29

    322338_yis_1616947200000_s.jpg

    འདི་ནི་གསར་འགོད་པས་སྤེན་པ་དབང་རྒྱལ་ལ་བཅར་འདྲི་ཞུ་བཞིན་པ།

    དཔྱིད་ཀ་ནི་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ནམ་ཟླ་ཞིག་རེད། དཔྱིད་ཀ་སླེབས་རིམ་བཞིན་ས་མཐོའི་སྐྱེ་དངོས་ཡོད་དོ་ཅོག་དགུན་ཉལ་སྐྱིད་པའི་གཉིད་ལས་སད་དེ། ངོ་ཚ་སྨིན་པའི་དམན་ཆུང་བུ་མོ་ཞིག་ལྟར་སྨྲ་བ་མེད་པར་མགོ་བོ་ཡར་ལ་བཏེགས་ནས་རང་ལུས་ལ་སྔོ་ལྗང་གི་ན་བཟའ་ཀླུབ་འགོ་བརྩམས་པ་དང་། དེ་འདྲའི་རེ་བ་དང་གསོན་ཤུགས་ཀྱིས་ཕྱུག་པའི་དཔྱིད་ཀྱི་ནམ་ཟླ་དང་འགྲོགས་ནས། བོད་ཀྱི་མང་ཚོགས་ཚོས་ཀྱང་སྙན་པའི་གླུ་དང་། འཁྲུག་པའི་ཞབས་བྲོ། དགའ་བའི་འཛུམ་མདངས་ལ་བརྟེན་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བཞིན་མཆིས།

    ལོ་ལྟར་གྱི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ལོ་62ཀྱི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། འབད་འབུངས་ཡར་བརྩོན་བྱས་པར་བརྟེན། བོད་ཀྱི་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་དཔལ་འབྱོར་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོ། འགྲིམ་འགྲུལ་སོགས་གང་ས་ཅི་ཐད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། དེ་ལྟ་བུའི་འཕོ་འགྱུར་རེ་རེ་སྐྱེ་བོ་མི་རེ་ངོ་རེའི་ལུས་ནས་གསལ་པོར་རྟོགས་ཐུབ།

    འདི་ལོ་ལོ་58ལ་སླེབས་པའི་སྤེན་པ་དབང་རྒྱལ་ནི་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་སྒང་སྐྱིད་གྲོང་ཚོ་ནས་ཡིན་ཞིང་། ཁོང་ཆུང་དུས་སྐབས་འོས་འགན་སློབ་གསོའི་སྲིད་ཇུས་ཁྱབ་གདལ་བྱུང་མེད་པ་དང་། ལྷག་པར་དུ་དེང་གི་འགན་ལེན་གསུམ་གྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་མེད་པས། སློབ་གྲྭ་ལོ་9ལྷག་ཙམ་ལས་འགྲིམ་སྐལ་མ་བྱུང་སྟབས། སྔོན་ཆད་ཤེས་རིག་གི་དགའ་ཚལ་དུ་ཤེས་བྱའི་པད་མའི་ཟེ་འབྲུ་འཐུ་མཁན་ཞིག་ནས་འཇོར་དང་སྦྱག་མ་འཁྱེར་ནས་ཞིང་ལས་བྱེད་མཁན་ཞིག་དང་འུར་རྡོ་སྐེད་པར་གཟེར་ནས་ནོར་ལུག་གི་རྨིག་རྗེས་འདེད་མཁན་གྱི་རྫི་བོ་ཞིག་བྱེད་དགོས་བྱུང་། ཁོང་གིས་ལོ་བཅུ་ལྷག་ཙམ་ཕྱུགས་འཚོས་ནས་འཚོ་བ་འཁྱོལ་ཙམ་བྱུང་ཡོད་མོད། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བརྩོན་ལེན་བྱ་ཆེད། རང་ལོ་18ལ་སླེབས་སྐབས་ཐེ་ཚོམ་སྤུ་ཙམ་མེད་པར་ལྷ་སར་ཡོང་འབབ་གསོག་པར་འགྲོ་བའི་སེམས་ཐག་བཅད་ནས་དེ་མ་ཉིད་དུ་རྡོག་ཐོན་བྱས། ཁོང་ཐོག་མར་ལྷ་སར་སླེབས་སྐབས་ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པའི་རྐྱེན་གྱིས་ཕྱོགས་གང་སར་ལས་ཀ་འཚོལ་དུ་ཕྱིན་ན་ཡང་རང་བློར་བབས་པའི་ལས་ཀ་ཡག་པོ་ཞིག་མ་རག་སྟབས། ལས་གྲྭ་ཁག་ཏུ་ལག་གཡོག་དང་ཨར་པོ་རྒྱུག་ནས་བསྡད་ཅིང་། ས་རྡོའི་ཐལ་རྡུལ་གྱི་ཁྲོད་དུ་ལོ་བདུན་ཙམ་དཀའ་ངལ་ཁྱད་བསད་མི་བྱེད་ཀ་མེད་བྱུང་།

    ཕྱིས་སུ་ཁོང་ཚེ་སྨོན་གླིང་རྒྱུད་དུ་གླ་པ་བརྒྱུགས་ནས་སྡོད་རིང་། ས་གནས་དེ་གའི་ལས་རོགས་བུ་མོ་གཅིག་ངོ་ཤེས་ཤིང་། ཁོང་གཉིས་དབར་ལ་དལ་གྱིས་བརྩེ་དུང་གི་མྱུ་གུ་འབུས་པ་དང་། མཐར་གཅིག་སེམས་གཅིག་ལ་གཏད་ནས་གཉེན་སྒྲིག་བྱས་ཏེ། ཡུན་རིང་མ་འགོར་བར་ཕྲུ་གུ་བུ་མོ་ཞིག་སྐྱེས། རི་གྲོང་ནས་ལྷ་སར་གླ་པར་སླེབས་པའི་མི་ཞིག་ལ་མཚོན་ན། ལྷ་སར་རྐང་པ་བརྟན་པོ་ཞིག་འཛུགས་པར་ལས་སླ་པོ་མེད་དེ། ཁོང་ལ་མཚོན་ན་མ་གཞི་ལྷ་སར་གླ་པ་བརྒྱུགས་ནས་ལོ་7ཙམ་སོང་ཡང་། རང་ཉིད་སྒེར་ལ་དབང་བའི་ས་ཆ་སྦར་མཐིལ་ཙམ་ཡང་མ་རག་པར་ཁང་གླ་གཡར་ཏེ་སྡོད་དགོས་བྱུང་ཞིང་། ཚེ་སྨོན་གླིང་སྡེ་ཁུལ་ནས་ཡིན་པའི་བཟའ་ཟླ་སྐྲ་བཟང་དང་གཉེན་སྒྲིག་བྱས་རྗེས། ད་གཟོད་མི་རྐྱང་གི་འཚོ་བ་དང་འཁྱམ་པོའི་འཚོ་བར་རྫོགས་ཚིག་བཀོད་དེ་བཟའ་ཟླ་དང་ལྷན་དུ་དུད་ཚང་74ལས་གྲུབ་པའི་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཞི་བདེ་སྒོ་ར་ཆེན་པོའི་ནང་སྨི་ངོས་གྲུ་30ཙམ་ལས་གྲུབ་པའི་ཁང་པ་ཞིག་ཏུ་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེ་དུས་ཨར་པོའི་ལས་ཀ་དཀའ་ལས་ཁག་པོ་ཡོད་པ་མ་ཟད། ཉིན་གླ་སྒོར་1.5ལས་མེད་པ་དང་བུ་མོའང་རིམ་གྱིས་འཚར་ལོངས་བྱུང་ནས་སློབ་གྲྭར་འགྲོ་དགོས་པའི་རྐྱེན་གྱིས། ཁོང་ལ་རང་ཉིད་ཀྱིས་ལག་ཤེས་སྦྱངས་ནས་ད་ཡོད་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བའི་བསམ་ཚུལ་བྱུང་སྟེ་ཨར་པོར་འགྲོ་མཚམས་བཞག་ཅིང་། དགེ་རྒན་བསྟེན་ནས་ཚོན་སྦྱངས། དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན་མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཅེས་པ་ལྟར། ཁོང་གིས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ལོ་བཞི་ཙམ་རིང་དགེ་རྒན་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཚོན་ལ་སྦྱངས་པ་ཧུར་ཐག་བྱས་པ་བརྒྱུད། རིམ་བཞིན་རང་མགོ་ཐོན་ནས་རང་ཉིད་ཀྱིས་འགན་བླངས་ཏེ་མི་གཞན་གྱི་ཁང་པར་ཚོན་གཏོང་བར་ཕྱིན་པས་ཡོང་འབབ་མངོན་གསལ་དོད་པོས་མང་དུ་སོང་ཡོད་ལ། འཚོ་བའང་རིམ་བཞིན་སྐྱ་ནམ་རྒྱས་འགོ་ཚུགས། གསར་འགོད་པས་ཁོང་ལ་ད་ཆའི་འཚོ་བའི་གནས་ཚུལ་སྐོར་འདྲི་སྐབས། ཁོང་གིས་དེ་སྔོན་སྨན་བཅོས་ཀྱི་ཆ་རྐྱེན་འཛོམས་པོ་མེད་པ་དང་རང་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་པས་ན་ཚ་ཕོག་ཚེ་སྨན་པ་བསྟེན་མི་ནུས་པས། ངའི་ཕ་དམ་པ་ཁོང་ཡང་དུས་ཐོག་ཏུ་སྨན་བཅོས་བྱེད་མི་ཐུབ་པའི་དབང་གིས་ཚེ་ལས་འདས་སོང་། ད་ཆ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ནད་གཞི་བཅོས་སའི་སྨན་ཁང་མང་བ་དང་སྨན་རིན་ག་ཚོད་ཕྱིན་ཡང་དེ་བསྟུན་གྱི་རྩིས་ཞུ་བྱེད་ཀྱི་ཡོད་པས་སེམས་ཁྲལ་མི་འདུག གཞན་ཡང་སློབ་གསོའི་སྲིད་ཇུས་ལེགས་པས་ངའི་བུ་མོ་ལྷག་སྒྲོན་ལ་ཆ་བཞག་ནའང་བོད་ལྗོངས་ཞིང་འབྲོག་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་ད་ལྟ་ལྷོ་ཁ་གོང་དཀར་རྫོང་དུ་ནོར་སྲིད་ཀྱི་ལས་ཀ་བྱེད་བཞིན་ཡོད། བུ་མོས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྱད་ནས་ཉང་བྲན་ལམ་དུ་ཁང་པ་ཉོས་འདུག་པས། མཚམས་རེ་ཞི་བདེ་སྒོ་རར་སྡོད་པ་དང་མཚམས་རེ་ཉང་བྲན་དུ་སྡོད་ཀྱི་ཡོད། ཞི་བདེ་སྒོ་རར་ཆ་མཚོན་ན་གྲོང་མི་ཁྱིམ་མཚེས་དབར་འཆམ་མཐུན་ཧ་ཅང་ཆེ་ཞིང་། སུ་ཞིག་ལ་དཀལ་ངལ་འཕྲད་ཚེ་ཚང་མས་ཚ་ཚ་འུར་འུར་ངང་རོགས་རམ་བྱེད་ཀྱི་ཡོད་པས་སེམས་པ་སྐྱིད་པོ་འདུག་ཅེས་བཤད། ད་དུང་ཁོང་གིས་ང་2006ལོར་ཞི་བདེ་སྒོ་ར་ཆེན་པོའི་ཙུའུ་ཀྲང་ལ་བདམས་པ་དང་ཟླ་རེར་གླ་ཆ་སྒོར་900ཙམ་ཡོད་ཅིང་། 2012ལོར་ཚེ་སྨོན་གླིང་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་མི་སྣ་བྱས་པས། ཟླ་རེར་གླ་ཆ་སྒོར་900ཡོད་ལ་ད་དུང་ད་བར་ལོ་བཅུ་བསྟུད་མར་ཁྲེང་ཀོན་ཆུས་ཀྱི་སྲིད་གྲོས་ཨུ་ཡོན་བྱས་པར་ཟླ་རེར་འཚོ་བའི་ཁ་སྣོན་སྒོར་730ཙམ་ཡོད་སྟབས་ད་ལྟ་མི་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཏང་གི་དམངས་ཕྱུག་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་སོང་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར་41166དང་སྒོར་14598ཟིན་པ་མ་ཟད། བོད་ཀྱི་མི་དམངས་རྣམས་ཀྱང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྔ་ས་ནས་དབུལ་པོའི་གནས་ལས་གྲོལ་ཏེ་འཚང་ཁ་ཤིག་ཤིག་ངང་རྒྱ་ཆེ་ལ་ཁོད་སྙོམས་པའི་འབྱོར་འབྲིང་གི་ལམ་དུ་སྐྱོད་བཞིན་ཡོད། དེ་བས་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཟིན་པ། སྨན་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་གྲོང་གསེབ་ཀྱི་སྨན་བཅོས་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། སྤྱི་པའི་སྨན་བཅོས་འགན་ལེན་ལམ་ལུགས་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད།

    སྤེན་པ་དབང་རྒྱལ་ཁྱིམ་གྱི་འགྱུར་ལྡོག་ནི་བོད་ཀྱི་ས་གཞི་ཆེན་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཁྲོད་ཀྱི་བསྡུས་རིས་ཤིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་ཡོད། དེས་ན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དམིགས་བསལ་ཐུགས་ཁུར་འོག་བོད་ལྗོངས་དེ་བས་མངའ་ཐང་རྒྱས་པ་དང་བོད་ཀྱི་མི་དམངས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ངེས་ལགས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།