དབུ་ཤོག>ཆེད་སྒྲིག
  • རླབས་ཆེའི་འཕོ་འགྱུར་གྱིས་ངོ་མཚར་བཏོད། སྔ་འཛིན་ཕྱི་གཏོད་ཀྱིས་ལེའུ་གསར་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-29

    ལོ་62ཀྱི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་སྟོང་ལྡན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་གནམ་སྒྱུར་ས་བརྗེས་ཀྱི་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་རྒྱལ་ཁའི་གླུ་དབྱངས་རེ་རེ་བཞིན་བླངས་པ་དང་། གནམ་བརྗེས་ས་གཤགས་ཀྱི་ཉམས་མེད་མཛད་རྗེས་རྡོ་རིང་རེ་རེ་བཞིན་བསྐྲུན་ཡོད།

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ།

    “ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་པོར་བདག་སོང”ཞེས་པ་དེ་ནི་བོད་རྙིང་པའི་གནས་ཚུལ་དངོས་མཚོན་པ་ཞིག་རེད།

    སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས་ཀྱིས་བོད་ཀྱི་མི་འབོར་གྱི་5%ཡང་བཟུང་གི་མེད་ཀྱང་། བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་དང་། དེ་བཞིན་ཕྱུགས་རིགས་དང་རྒྱུ་ནོར་སོགས་ཧ་ལམ་ཚང་མ་བཟུང་ཡོད། བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཚོར་རང་ཉིད་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་མེད་ལ། མི་ལུས་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་བས་ཀྱང་གླེང་ཐབས་བྲལ།

    1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་ལྟེ་བའི་དམིགས་ཚད་དུ་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ནས། རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་རེད།

    དེས་ན། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ལ་གྱུར་ཡོད།

    ལོ་62ཀྱི་གོང་དུ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་དེ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོར་གཞན་གྱི་སྔོན་ལ་སྤེལ་བ་དང་། ཁེ་གསུམ་གྲོང་ཚོའང་དེའི་དབང་གིས་མི་རྣམས་ཀྱིས“དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད།

    2002ལོར། ཁེ་གསུམ་གྲོང་ཚོ་དེ་ཉིད་གྲོང་ལྷན་ལ་བསྒྱུར་བ་དང་། ཞིང་པ་རྣམས་གྲོང་མི་ནས་གྲོང་ཁྱེར་བར་གྱུར་ཡོད། ད་ཆ་ཁེ་གསུམ་གྲོང་ལྷན་དུ་བསྐྱོད་ཚེ། མི་རྣམས་ཀྱི་མིག་ལམ་དུ་ཐོག་བརྩེགས་ཁང་ཆེན་ཆར་རྗེས་ཀྱི་མྱུ་གུ་འབུད་པ་ཇི་བཞིན་འགྱིང་ངེར་གནས་ལ་མེ་ཏོག་དང་རྩྭ་རྩི་ཤིང་གང་ས་ནས་མཐོང་རྒྱུ་ཡོད། ལོ་62ཀྱི་གོང་དུ། འདི་ཁུལ་ནི“མིས་མི་ལ་གཉའ་གནོན་གཏོང་བའི”མི་ཡུལ་གྱི་དམྱལ་ཁམས་ཤིག་ཡིན་པ་སུ་ཞིག་གི་བསམ་བློར་འཁོར་སྲིད་དམ།

    ལོ་རྒྱུས་ནི་སློབ་གཞི་ཡག་ཤོས་ཤིག་རེད། 1959ལོའི་དཔྱིད་ཀར་ཏང་གི་འགོ་ཁྲིད་འོག་བོད་དུ“མི་ཡུལ་གསར་པ་ཞིག་བརྗེས་ནས”རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚང་མས“གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད་སོང”ཞེས་བརྗོད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སྡེ་ཁུལ་གྱི་གྲོང་མི་བགྲེས་སོང་བློ་བཟང་གིས“བོད་རྙིང་པར་ང་ཚོ་ཞིང་བྲན་འགའ་ཤས་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རང་འདོད་ལྟར་བཀོལ་སྤྱོད་བྱེད་པ་དང་། མི་འགའ་ཤས་ལ་རྫོགས་མཐའ་མེད་པའི་ཁྲལ་འུ་ལག་དང་རི་ལྟར་ལྕི་བའི་སྐྱེད་ཆེའི་བུ་ལོན་གྱི་བཤུ་གཞོག་ཕོག་ནས་ཆགས་ས་རྟེན་ས་མེད་པར་གྱུར་པ་མ་ཟད། ཐ་ན་མི་ཤི་ཁྱིམ་སྟོངས་སུའང་གྱུར་ཡོད”ཅེས་དྲན་གསོ་བྱེད་བཞིན་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྔོན་ཆད“སྐད་ཆ་ཤོད་ཤེས་པའི་ལག་ཆ”ཡིན་པའི་བགྲེས་སོང་བློ་བཟང་དམངས་གཙོའི་འདེམས་བསྐོ་བརྒྱུད་གྲོང་ལྷན་གྱི་ལས་དོན་མི་སྣ་ཞིག་ལ་གྱུར། བགྲེས་སོང་ཁོང་དེ་བས་དགའ་ཞིང་བློ་བདེ་བ་ཞིག་ནི་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། སྐབས་གསུམ་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དང་། ཁོང་གིས་སྲིད་ཞུགས་སྲིད་གླེང་བྱས་ཏེ་ཕ་ཡུལ་གྱི་འཕེལ་རྒྱས་དང་ཐ་ན་རྒྱལ་ཁབ་ཀྱི་དོན་ཆེན་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད།

    བགྲེས་སོང་བློ་བཟང་གི་མི་ཚེའི་འགྱུར་ལྡོག་ནི་བོད་ཀྱི་ཞིང་འབྲོག་པ་ཁྲི་སྟོང་མང་པོའི་མཚོན་ཚུལ་ཙམ་ཞིག་རེད། ཞིང་འབྲོག་པ་མང་པོ་ཞིག་གི་འཚོ་བར་ཆུ་ཟོམ་ནས་ཆུ་ཀ་ལ་བར་དང་། སྣུམ་བཞུ་ནས་གློག་བཞུ་བར། བྱེ་རྡོའི་ལམ་ནས་སྣུམ་ནག་ལམ་བར་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།

    བོད་རྙིང་པར་གཞུང་ལམ་གཅིག་ཀྱང་མེད་མོད། ད་ཆ་ལྷ་ས་ལྟེ་བར་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། བོད་རྙིང་པའི་ཞིང་འབྲོག་ལས་གནམ་ཆུ་བསྒུགས་དགོས་མོད། འོན་ཀྱང་ད་ཆ་དེང་རབས་ཞིང་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། བོད་རྙིང་པར་དེང་རབས་ཀྱི་བཟོ་ལས་གླེང་ཐབས་བྲལ་མོད། འོན་ཀྱང་ད་ཆ་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་མ་ལག་གི་ལས་རིགས་བསྐྲུན་ཡོད་པ་རེད།

    2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་382ཀྱིས《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》ལ་མགྲིན་གཅིག་ཏུ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་ལོ་ལྟར་གྱི་ཟླ་3ཚེས་28ཉིན་ནི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”གཏན་འཁེལ་བྱས་པ་རེད།

    ད་ཆ་དབུལ་སྒྲོལ་འགག་སྒྲོལ་ལས་མི་དམངས་ཁྲི་ཚོ་350དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་འཚོ་བ་སྐྱེལ་སྟངས་ཐད་གོམ་སྟབས་གཅིག་ལས་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། དུས་སྐབས་དེ་འདྲའི་འོག་ང་ཚོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་གཟབ་རྒྱས་ཞུ་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཏང་གི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས། འབད་འབུངས་མདུན་སྐྱོད་བྱས་ནས་གཟི་བརྗིད་བཏོད།

    ཉི་ཟླ་གསར་བརྗེས་དང་དུས་བཞི་བརྗེ་སྒྱུར་བྱེད། སྒོ་ཕྱུགས་དང་མཉམ་སྡོད་དང་མི་སྟོང་ལ་དྲེས་ཐག་གཅིག་ཀྱང་མི་རི་བ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་བར་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་མེད་རང་སོར་གནས་པ་ནས་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་བར། རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་སྐྱོད་པའི་བར་བཅས་མི་དམངས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་ཞིག་ཏུ་སླེབས་འགོ་ཚུགས་ཡོད།

    “རང་ཉིད་ཡི་གེ་ན་གཅིག་ཀྱང་མི་ཤེས་པའི་སྤྲང་པོ་ཞིག་ནས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་སློབ་མ་ཞིག་བར་དང་། བོད་རྙིང་པའི་རིམ་གྲས་དམའ་ཤོས་ནས་བོད་གསར་པའི་མི་དམངས་ཀྱི་དགེ་རྒན་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་བར། རྒྱུ་ནོར་གང་ཡང་མེད་པ་དང་སྡོད་གནས་གཏན་འཁེལ་མེད་པ་ནས་བདེ་སྐྱིད་དང་། དྲོ་སྐྱིད། ཞི་མཐུན་བཅས་ལྡན་པའི་ཁྱིམ་ཚང་ཡོད་པའི་བར་བཅས་ནི་ཅི་འདྲའི་འགྱུར་ལྡོག་རླབས་པོ་ཆེ་ཞིག་མིན་ནམ”ཞེས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་སྐོར་གླེང་སྐབས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཐུབ་བསྟན་གྱིས་མྱོང་ཚོར་ཟབ་མོས་བརྗོད།

    བོད་རྙིང་པར་རྒྱ་ཆེའི་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད་པས་བོད་ཀྱི་མི་འབོར་ཁྲོད་ཡིག་རྨོངས་དང་ཕྱེད་ཡིག་རྨོངས་བས་95%བཟུང་ཡོད། ད་ཆ་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས་རྒྱལ་ཡོངས་སུ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་གཞན་གྱི་སྔོན་ལ་མངོན་འགྱུར་ཐུབ་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་རགས་ཙམ་བཙུགས་ཡོད་པ་རེད།

    གྲངས་གཞི་ནི་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཆེ་ཤོས་ཡོད་པ་ཞིག་རེད། 1951ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ལས་ཟིན་ཀྱི་མེད་ཀྱང་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་བརྒལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་འདི་ཉིད་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་སྟེ་མང་ཚོགས་དབུལ་པོ་མི་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་ཟིན་ནས་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བར”གཏན་འཁེལ་བྱས་པ་རེད།

    དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ནས་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་འགན་ལེན་ནུས་ལྡན་ཐུབ་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། 2020ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དང་འཕར་ཚད་12.7%ཟིན་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་མངོན་འགྱུར་ཐུབ་པ་དང་ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ལོ་རྒྱུས་ཀྱིས་བརྗེད་ག་ལ་སྲིད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་རིང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ལྷག་པར་དུ་2020ལོའི་ཟླ་8པར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་གནང་མཛད།

    ད་ཆ་གངས་ལྗོངས་ས་མཐོའི་བུ་ཕྲུག་ཁྲི་ཚོ་300ལྷག་ཙམ་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་བས་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཁོང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།

    གོམ་ཞེང་ཆེན་པོས་དུས་རབས་གསར་པར་བསྐྱོད། བོད་ཀྱི་ལེའུ་གསར་མུ་མཐུད་ལེགས་པར་རྩོམ།

    ལོ་62ཀྱི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ཀྱི་མི་དམངས་ཀྱི་རེ་སྒུག་དང་བསྟུན་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཡོང་བར་སྣེ་ཁྲིད་བྱས་པས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྐྱོད་ཐུབ་པ་བྱུང་ཡོད། དེང་གི་བོད་ལྗོངས་སུ་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་ཏང་དང་མེས་རྒྱལ་ལ་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པའི་སེམས་ཤུགས་དང་ཆོད་སེམས་ཀྱིས་ཁེངས་ནས་ཡོད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་དུ་ས་གནས་དེ་གའི་ཞིང་པའི་ཕྱུག་འགྱུར་སྣེ་ཁྲིད་པ་འཇམ་དབྱངས་ཆོས་གྲགས་ཀྱིས་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་དེ་སྔ་མི་བཅུ་གྲངས་ཁ་ཤས་དང་རླངས་འཁོར་བཅུ་གྲངས་ལས་མེད་པའི་རླངས་འཁོར་རུ་ཁག་ཆུང་ཆུང་ཞིག་གཏན་འཇགས་ལས་མི་340དང་། སྐྱེལ་འདྲེན་རླངས་འཁོར་233 འཕྲུལ་ཆས་ཀྱི་སྒྲིག་ཆས་ཆེ་འབྲིང་50ལྷག་ཙམ་ཡོད་པ་བཅས་ཀྱི་ས་གནས་དེ་གའི་སྣེ་འདྲེན་དམངས་གཉེར་ཁེ་ལས་སུ་འཕེལ་རྒྱས་བཏང་བ་རེད།

    “ཏང་གི་སྲིད་ཇུས་བཟང་པོས་ང་ཚོ་ཞིང་པ་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་རང་ངོས་འཕེལ་རྒྱས་དང་ཕ་ཡུལ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་གནང་ཡོད། ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ཡོད་པས་ང་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མི་འདུག”དེང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གླེང་སྐབས་འཇམ་དབྱངས་ཆོས་གྲགས་ལ་སྤྲོ་སྣང་དང་དྲིན་ཚོར་གྱི་སེམས་པས་ཁེངས།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཀྲུང་གོ་གུང་ཁྲན་ཏང་གི་མཐུན་སྒྲིལ་དང་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མི་རིགས་ཁག་དབར་འདྲ་མཉམ་གྱི་རྨང་གཞིའི་ཐོག་གི་མཐུན་སྒྲིལ་ཆེ་མོ་བྱུང་ནས་མི་རིགས་ཁག་ཕྱར་བ་གྲུ་འདེགས་དང་། ཞི་མཐུན་མཉམ་གནས། གཟི་ཁྲེལ་མཉམ་གནས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    2020ལོའི་ཟླ་དང་པོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ན་ནིང་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཡོད། སྲོལ་ཡིག་ནང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད།

    དེང་གི་བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་ནས་མི་རིགས་ཁག་པགས་གོང་བཞིན་དམ་པོར་སྒྲིལ་ཡོད། ལག་ལེན་ཁྲོད་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་མཐུན་སྒྲིལ་བྱས་ཚེ་གཞི་ནས་སྟོབས་ཤུགས་ལྡན་པ་དང་། གཞི་ནས་རེ་བས་ཁེངས་པ། གཞི་ནས་དར་རྒྱས་འགྲོ་ཐུབ་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ཡོད།

    བོད་གསར་རྙིང་གཉིས་བརྒྱུད་མྱོང་བའི་བོད་ཀྱི་མི་དམངས་ཀྱིས་རང་ཉིད་ལ་དབང་བའི“ཤམ་བྷ་ལ”འཛུགས་སྐྲུན་དེ་བས་ཡག་པོ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།