དབུ་ཤོག>ཆེད་སྒྲིག
  • རླབས་ཆེན་གྱི་ལོ་རྒྱུས་ལམ་བུ། ཉམས་མེད་ཀྱི་མཛད་རྗེས་རྡོ་རིང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-29

    སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྐལ་བཟང་རྫོཌ་ལྡན་གྱི་དུས་འདིར་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བ་དང“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་12འཁོར་བར་བསུ་བ་ཞུས་ཡོད། ལོ་62ཀྱི་ལོ་རྒྱུས་ལམ་བུ་ནི་བརྗིད་ཉམས་ལྡན་པ་ཞིག་དང་ལོ་62ཀྱི་འགྱུར་ལྡོག་ཆེན་པོ་ནི་མི་སེམས་འགུལ་བ་ཞིག་ཡོད། དུས་འདིར་ལོ་རྒྱུས་དང་འབྱུང་འགྱུར་མཉམ་དུ་འདྲེས་པ་དང་དུས་འདིར་གཟི་བརྗིད་དང་ཕུགས་འདུན་གྱི་བཀྲག་མདངས་རབ་ཏུ་འཚེར། དེ་ནི་རླབས་ཆེའི་འཕོ་འགྱུར་སེམས་ལ་བརྟན་པོ་ངེས་པ་དང་ཉམས་མེད་མཛད་རྗེས་རྡོ་རིང་རྒྱུན་འཛིན་བྱེད་པའི་དུས་སྐབས་ཤིག་དང་། དེ་ནི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་དུས་སྐབས་ཤིག ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱེད་པའི་དུས་སྐབས་ཤིག་བཅས་རེད།

    ལོ་62གོང་གི་དཔྱིད་ཀར། རླབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་གི་དབང་ཆ་ཐོག་མར་ཐོབ་སྟེ་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བྱུང་ནས་བོད་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། རང་རེའི་ཏང་གི་ལོ་རྒྱུས་བཅས་ཀྱི་མཛད་རྗེས་ལོ་རྒྱུས་ཐོག་འཁོད་པའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད།

    ལོ་62རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པ་དང་།གནམ་ས་བརྗེ་སྒྱུར་གྱི་བརྗིད་ཆེའི་རྒྱལ་གླུ་བླངས་པ། གནམ་ས་འགུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་བརྩམས་པ། གནམ་ས་གཏོད་པའི་ཉམས་མེད་མཛད་རྗེས་རྡོ་རིང་བཙུགས་པ་བཅས་བྱས་ཡོད། དབུལ་ཞིང་ཕོངས་པ་དང་བྱ་གཞག་ཐམས་ཅད་ཉམས་རྒུད་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་བར་དང་། གོས་ཀྱིས་ལུས་པོ་མི་དྲོད་པ་དང་ལྟོས་གྲོད་པ་མི་རྒྱགས་པ་ནས་མི་དམངས་ཁྲི་350དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་བཅས་ད་ཆའི་བོད་ལྗོངས་སུ་ལྕགས་ལམ་དང་། མཁའ་ལམ། གཞུང་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ་དང་ཆུ་དྲ་དང་། གློག་དྲ། དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པ་དང་། ངལ་རྩོལ་མི་འབོར་གཙོ་བོར་སློབ་གསོ་ཐོབ་ཚད་ལོ་10.2ཟིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཉིན་བཞིན་མི་སེམས་སུ་ཟུག་པ། ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་དང་ཐུམ་འབུའི་ནད་སོགས་ཡུལ་ནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་བ་དང་འགོག་བཅོས་ཐུབ་སྟེ་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ནས་ལོ་71.1བར་རིང་དུ་ཕྱིན་པ། “ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”ཚང་མར་ལྗོན་ཤིང་བཏབ་ནས་སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཟིན་ཏེ་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

    འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཀྱང་རེད། ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་ལས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གསོན་ཉམས་དོད་པོས་བཀོད་པ་དང་། ལོ་ངོ་70ཡི་ལོ་ཟླས་དེ་སྔ་མུན་ནག་དང་དཀའ་སྡུག་ཁྲོད་གནས་པའི་བོད་ལྗོངས་འདི་ཉིད་སླར་ཡང་སྐྱེ་སྟོབས་གསར་པ་རྒྱས་ཏེ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེའི་འཕོ་འགྱུར་གྱི་ལོ་རྒྱུས་བརྒྱུད་རིམ་གྱི་དཔང་པོ་བྱས་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ་ད་ཆའི་བོད་ཀྱི་མི་དམངས་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཡོང་ཐབས་བྲལ་བ་ལོ་རྒྱུས་ལས་གསལ་པོར་མངོན་ཡོད། བོད་ཀྱི་མདུན་ལམ་དང་ལས་དབང་དེ་རླབས་ཆེན་མེས་རྒྱལ་དང་དམ་པོར་སྦྲེལ་བ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་མེས་རྒྱལ་གྱི་བརྟན་ལྷིང་དར་རྒྱས་དང་ཁ་འབྲལ་ཐབས་མེད་པ། བོད་འདི་ཉིད་ནམ་ཡང་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ལག་ལེན་ལས་གསལ་བཤད་གང་ལེགས་བྱས་ཡོད། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ་བོད་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་རྩ་བའི་འགན་ལེན་ཞིག་ཀྱང་རེད།

    ད་ཆའི་བོད་ཀྱི་འཕེལ་རྒྱས་རྨང་གཞི་ནི་སྔར་ན་བྱུང་མྱོང་མེད་པ་ཞིག་དང་། འཕེལ་རྒྱས་ཀྱི་གོ་སྐབས་ནི་སྔར་ན་ཐོབ་མྱོང་མེད་པ་ཞིག འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ནི་སྔར་ན་ཡོང་མྱོང་མེད་པ་ཞིག་བཅས་ཡིན་པས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་རེད། ལོ་རྒྱུས་ཀྱི་དྲན་གསོ་ཡག་ཤོས་ནི་ལོ་རྒྱུས་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་དེ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་བྲག་ལྟར་བརྟན་པའི་ཡིད་ཆེས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས། གཞོམ་ཞིག་མེད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞི་ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གཟི་བརྗིད་ཆེ་བའི་མཛད་རྗེས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཕྱག་རྟགས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།