རླབས་ཆེའི་འཕོ་འགྱུར་བློ་ལ་ངེས། བརྗིད་ཆེའི་ལེའུ་གསར་མུ་མཐུད་རྩོམ།
(2021ལོའི་ཟླ་3ཚེས་28ཉིན)
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷ།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
དུས་ཀྱི་ཆུ་མོ་རྒྱུ། བསྐལ་པ་བཟང་དུས་འཆར། སླར་ཡང་དཔྱིད་ཁ་ཤར། སླར་ཡང་འགོ་འཛུགས་ས་གསར་རྐྱང་ཞིག་ཏུ་སླེབས། དེ་སྔ་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་མཆོང་སྐྱོད་ཆེན་པོ་བྱུང་ཡོད། ད་ཆ་དབུལ་སྒྲོལ་འགག་སྒྲོལ་བྱུང་ནས་མི་དམངས་ཁྲི་350དབུལ་པོའི་གནས་ལས་བསྒྲལ་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཅིང་། འཚོ་བ་སྐྱེལ་སྟངས་ལའང་མཆོང་སྐྱོད་ཆེན་པོ་བྱུང་ཡོད། དུས་སྐབས་འདི་འདྲ་ཞིག་ལ། ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་གཟབ་རྒྱས་ཞུ་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ལོ་62ཀྱི་གོང་དུ། འགྱུར་ལྡོག་ཆེན་པོ་བྱུང་། རྣམ་པ་གསར་རྐྱང་བརྗེས། བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པ་དེས། འབྲུག་སྒྲ་འུར་འུར་དུ་ལྡིར་བ་བཞིན་གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་གི་མུན་ནག་བསལ་ཞིང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་བཏོར་ནས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཐོག་འོད་སྟོང་རབ་ཏུ་འབར་བའི་ལེའུ་ཞིག་བརྩམས་ཡོད། ལོ་62ཀྱི་གོང་དུ། འཕོ་འགྱུར་ཆེན་པོ་བྱུང་། རི་ཀླུང་རབ་ཏུ་འགུལ། ས་མཐོའི་ས་གཞི་ཆེན་པོ་དང་མེས་རྒྱལ་ནང་སའི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་མི་རིགས་ཁག་གི་སྤུན་ཟླ་ཚོས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་ཡོང་བར་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། ལོ་62ཀྱི་གོང་དུ། དགའ་སྤྲོ་རབ་ཏུ་འཁོལ། རི་ཀླུང་ཀུན་ལ་གྲགས། ལྷ་སའི་ཁྲོམ་གཞུང་གི་སྤྲང་པོ་དང་། གཙང་གསུམ་རྒྱུག་ཁུལ་གྱི་ནང་གཟན། བྱང་རྩྭ་ཐང་གི་དབུལ་ཞིང་ཕོངས་པའི་འབྲོག་པ་དང་བཅས་པ། རྒྱལ་ཁབ་དང་། བོད། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཏེ། རང་ཁྱིམ་རང་བདག་གི་དབང་ཆ་ཐེངས་དང་པོ་རག་ནས་ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་ཤར་ཡོད།
མཐོ་ནམ་མཁར་ཉི་ཟླ་ཉིན་ལྟར་འཁོར། དམའ་ས་སྟེང་ཆུ་བོ་ཆད་མེད་རྒྱུག ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག དེ་སྔ་དཀའ་སྡུག་གྲངས་མེད་མྱངས་པའི་བོད་ལྗོངས་ལ་ཚེ་སྲོག་གི་རྒྱུན་གསར་པ་བྱིན། དེང་གི་དུས་སུ། ང་ཚོའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ན་བྱུང་མྱོང་མེད་པའི་བརྟན་པོ་དང་། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ན་བྱུང་མྱོང་མེད་པའི་བཟང་པོ། འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་ན་བྱུང་མྱོང་མེད་པའི་ཆེན་པོ་བཅས་བྱུང་སྟེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད།
དེང་གི་བོད་ལྗོངས་སུ་ལྕགས་ལམ་དང་། མཁའ་ལམ། གཞུང་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཅིང་། ཆུ་དང་གློག་གི་དྲ་བ་དང་མཉམ་སྦྲེལ་དྲ་རྒྱ་དུད་ཚང་ཚང་མར་ཁྱབ་པ། མི་ཡི་སྒལ་པར་འཁྱེར་བ་དང་ཁལ་ཕྱུགས་ལ་འགེལ་བ་ནས་ཕྱོགས་བཞིར་གཞུང་ལམ་བཟོས་པའི་འཕོ་འགྱུར་བྱུང་སྟེ། དེ་སྔའི་སྒོ་རྒྱག་དང་མུན་ནག་ནང་བཞིན་གཏན་ནས་མིན། དེང་གི་བོད་དུ་ངལ་རྩོལ་གྱི་ལོ་ཚད་ལ་སླེབས་པའི་མི་འབོར་གཙོ་བོར་སློབ་གསོ་ཐོབ་ཚད་ལོ་10.2ཟིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་བྱུང་ནས་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློའི་རིག་གནས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་ཏེ། དེ་སྔའི་རྨོངས་རྟུལ་ཤེས་རྨོངས་དང་རང་ལུས་རང་དབང་མེད་པ་ནང་བཞིན་གཏན་ནས་མིན། དེང་གི་བོད་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ནུས་ལྡན་བཀག་པ་དང་། ཐུམ་འབུའི་ནད་སོགས་ཡུལ་ནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་འགོག་བཅོས་བྱས་པ། ས་བབ་སྨི་4800ཡན་དུ་འཚོ་བ་སྐྱེལ་བཞིན་པའི་བོད་བྱང་ཐང་གི་མང་ཚོགས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་བརྒྱུད་དཀའ་ཚེགས་ཆེ་བའི་ཁུལ་ནས་སྤོས་པ། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཀྱང་ལོ་35.5ནས་ལོ་71.1བར་རིང་དུ་ཕྱིན་ཏེ། དེ་སྔའི་སྲོག་ཉེན་ཆེ་ཞིང་ནམ་འཆི་ངེས་པ་མེད་པ་གཏན་ནས་མིན། དེང་གི་བོད་དུ་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་ཅིང་། སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དང་། རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་47%ཟིན་པ། འཁྱགས་རོམ་དང་། རྩྭ་ཐང་། རྒྱུག་ཆུ་བཅས་གདོད་མའི་རྣམ་པར་གནས་པ། འདབ་ཆགས་དང་གཅན་གཟན་ཉ་མོ་ལ་སོགས་བག་ཕེབས་ཅི་དགར་རོལ་ཏེ། དེ་སྔའི་ཐལ་རླུང་འུར་འུར་དུ་ལྡང་བ་དང་འཚོ་གནས་དཀའ་བ་ནང་བཞིན་གཏན་ནས་མིན། མེས་རྒྱལ་ལྷོ་ནུབ་ཀྱི་སྤྱི་ལེ་ཁྲི་120ལྷག་ཙམ་གྱི་ས་གཞིར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་ཟས་གོས་དང་ནད་ལྟ་བར་སེམས་ཁྲལ་མེད་ཅིང་། འཚོ་བ་དེ་བས་ལེགས་པས་བདེ་སྐྱིད་ཀྱི་གླུ་སྒྲ་ཕྱོགས་བཞིར་ཁྱབ་ཅིང་འཛམ་གླིང་ཡང་རྩེར་གྲགས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཡིད་ལ་འཇགས་པའི་ལོ་རྒྱུས་དྲན་འཆར་གྱིས་ང་ཚོར་གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་ལུགས་ཡང་ཡང་བརྗོད། ལོ་རྒྱུས་དེབ་ཐེར་ལ་འཁོད་པའི་མི་ཡུལ་གྱི་ངོ་མཚར་ལས་ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་ཞིང་སྐྱིད་པའི་ལམ་ཆེན་དུ་སྐྱོད་བཞིན་ཡོད་པ་མངོན། ལོ་རྒྱུས་ལས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་མེད་ལ། བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཀྱང་མེད། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་བོད་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་སྤྲིན་རུམ་གཤགས་ཏེ་འབད་པས་མདུན་དུ་སྐྱོད་པ་དང་། རྒྱལ་ཁ་ནས་དེ་བས་ཆེ་བའི་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་སྣེ་ཁྲིད་མི་ཐུབ་པ་གསལ་བཤད་ཐུབ། བོད་ཀྱི་མདུན་ལམ་དང་ལས་དབང་རླབས་ཆེའི་མེས་རྒྱལ་དང་དམ་པོར་སྦྲེལ་ཞིང་། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་མེས་རྒྱལ་བརྟན་ལྷིང་དར་རྒྱས་དང་ཁ་འབྲལ་ཐབས་མེད། བོད་ལྗོངས་དུས་ནམ་ཡང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་ཁ་གསལ་བྱུང་ཡོད།
འདས་ཟིན་པའི་ལོ་གཅིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་ནས་མ་འོངས་འཕེལ་རྒྱས་ཀྱི་བཀོད་པ་དང་རླབས་ཆེན་འཆར་གཞི་བཏིང་གནང་ཡོད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་པ་ལྷུར་ལེན་བྱས་ཚེ། ལེ་དབར་ཁྲི་ཡི་རྦ་རླབས་གཤགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བོད་ཀྱི་ལེའུ་རྩོམ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་དེ་བས་བརྟན་པོ་ཡོད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་འཛུགས་ས་གསར་པར་ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། མུ་མཐུད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “སྤྱི་ཡོངས་གཉིས”བློ་རུ་འཆང་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་ཡག་པོ་སྤེལ་ནས། སྔ་ཕྱི་བར་གསུམ་དུ་མར་ཁེ་སི་རིང་ལུགས་དང་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཞུ་དགོས། ང་ཚོས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་འདིར་དམིགས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་སྲུང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མང་ཚོགས་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བཅས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་འགྲུབ་པར་བྱེད་དགོས། ང་ཚོས“ཚང་དགོས་པ་གསུམ་དང་ཕན་འདོགས་དགོས་པ་གཅིག”ལ་དམིགས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བཅས་བྱས་ནས་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བར་བྱེད་དགོས། ང་ཚོས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་དམིགས་ཏེ། རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་། བྱེ་ཐང་བཅས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་ལག་བསྟར། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་པ། ཕན་ཚུན་འཕྲོད་པའི་རིན་ཐང་བརྗེ་སྒྱུར་གྱི་ཐབས་ལམ་གནད་ལ་འཁེལ་པོས་འཚོལ་བ་བཅས་བྱས་ནས་གངས་རི་འཁྱགས་ཀླུང་རིན་ཐང་ལྡན་པར་བྱེད་དགོས། ང་ཚོས་དམག་དཔུང་འདུས་སྡོད་དང་དམངས་བདེར་མཉམ་དུ་དམ་འཛིན་དང་མཐའ་བརྟན་དང་མཐའ་དར་ལ་མཉམ་དུ་མཐོང་ཆེན་བྱས་ཏེ། མི་མཐའ་མཚམས་ལ་འབྱོར་བ་དང་། སྒྲིག་བཀོད་མཐའ་མཚམས་ལ་འབྱོར་བ། ཐོན་ལས་མཐའ་མཚམས་ལ་དར་བ། ཞབས་འདེགས་མཐའ་མཚམས་ལ་ཞུ་བ་བཅས་ལ་སྐུལ་འདེད་བཏང་ནས། སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་ལ་གཞི་ཚུགས་ཏེ་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ཡག་པོ་བསྲུངས་ནས་ས་ཆ་སྦར་མཐིལ་ཙམ་ཡང་རླབས་ཆེན་མེས་རྒྱལ་ནས་ཁ་འབྲལ་དུ་གཏན་ནས་འཇུག་མི་རུང་།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
རླབས་ཆེན་དུས་རབས་ནི་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་པའི་འབད་འཐབ་མཁན་ལ་དབང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱར་བ་གྲུ་འདེགས་དང་ཞུམ་མེད་མདུན་སྐྱོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ངོ་མཚར་གསར་པ་བཏོད་དེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས།
ལྷན་རྒྱས་ཐུགས་རྗེ་ཆེ།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣