
འདི་ནི་བོད་རྙིང་པར་བཀྲེས་ལྟོགས་ཀྱིས་མནར་བའི་ཞིང་བྲན་ཡིན་པ།

འདི་ནི་བོད་རྙིང་པར་ལྷ་སའི་ཞིང་བྲན་གྱི་སྡོད་ས་ཡིན་པ།

འདི་ནི་རྐང་ལྕགས་ལག་ལྕགས་བརྒྱབ་པའི་ཞིང་བྲན་གྱིས་བྲན་གཡོག་བདག་པོར་ལས་གཡོག་རྒྱུག་བཞིན་པ།
“མུན་ནག་གི་སྤྱི་ཚོགས་རྙིང་པར་ཞིང་བྲན་བདག་པོར་ལས་ཀ་བྱེད་པ་དང་ཕྱུགས་འཚོས་ནའང་ལོ་ཧྲིལ་པོར་ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་མི་དྲོས་ཤིང་། ཞིང་ཁྲལ་དང་། མི་ཁྲལ། ཕྱུགས་ཁྲལ་སོགས་ཁྲལ་སྣ་ཚོགས་འཇལ་དགོས་ཁར། སྟབས་མ་ལེགས་ན་རྟ་ལྕག་ཀྱང་གཟེད་དགོས་ཀྱི་ཡོད” དེ་ནི་ལོ་80ལ་སླེབས་པའི་པ་སངས་མཆོག་པའི་དྲན་ཤེས་ནང་གི་བོད་རྙིང་པའི་སྣང་བརྙན་རེད།
1959ལོའི་དམངས་གཙོའི་བཅོས་སྒྱུར་སྔོན་གྱི་བོད་རྙིང་པར་མུན་ནག་དང་། གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལག་བསྟར་བྱེད་ཅིང་། “མངའ་བདག་ཆེན་པོ་གསུམ”ལས་གྲུབ་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་རྒྱ་ཆེའི་ཞིང་བྲན་ལ་ཆབ་སྲིད་ཀྱི་གཉའ་གནོན་དང་། དཔལ་འབྱོར་གྱི་བཤུག་གཞོག བསམ་བློ་བྲན་བཀོལ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་བྲན་རྣམས་ཚེ་གང་བོར་བྲན་གཡོག་རེད་ལ། འཚོ་བ་ཡང་ཧ་ཅང་ཉམ་ཐག་རེད།
ཆབ་སྲིད་ཀྱི་གཉའ་གནོན།
ཞིང་བྲན་ཁྲི་ཚོ་བརྒྱ་ནི་མངའ་བདག་ལ་དབང་བའི་རྒྱུ་ནོར་ཙམ་རེད།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་ཤིང་། ཞིང་བྲན་ཁྲི་ཚོ་བརྒྱར་གདུག་རྩུབ་ཆེ་བའི་གཉའ་གནོན་དང་བཤུ་གཞོག་ཐེབས་ནས་མི་ལུས་རང་དབང་གང་ཡང་མེད།
“མངའ་བདག་ཆེན་པོ་གསུམ”གྱིས་ཞིང་བྲན་གྱི་དབང་ཆ་ཡོང་རྫོགས་འཕྲོགས་ཤིང་། བོད་རྙིང་པའི་བཅའ་ཁྲིམས་སུ་མི་རྣམས་རིགས་གསུམ་དང་རིམ་པ་དགུར་ཕྱེ་ནས། བཅའ་ཁྲིམས་ཐད་ཀྱི་འདྲ་མཉམ་མིན་པའི་གནས་བབ་གཏན་འཁེལ་བྱས་པ་སྟེ། “མངའ་བདག་ཆེན་པོ་གསུམ”ནི་རིམ་པ་མཐོ་གྲས་ཡིན་པ་དང་། དེའི་ཚེ་སྲོག་གི་སྟོང་ནི་ཕུང་པོ་དང་མཉམ་པའི་གསེར་འཇལ་དགོས། རྒྱ་ཆེའི་ཞིང་བྲན་རྣམས་རིམ་པ་དམའ་བ་ཡིན་པས། དེའི་ཚེ་སྲོག་གི་སྟོང་ནི་དྲེད་ཐག་གཅིག་གིས་ཆོག་པ་གཏན་འབེབས་ཁ་གསལ་བྱས་ཡོད། “མངའ་བདག་ཆེན་པོ་གསུམ”གྱིས་རིམ་ཁག་སྲིད་གཞུང་ཧམ་བཟུང་བྱས་ཤིང་། དཔོན་རིགས་ནི་སྐུ་དྲག་དང་དགོན་སྡེའི་མཐོ་རིམ་སེར་མོ་བ་ཡིན་པ་དང་། སྐུ་དྲག་ཆེ་མོའི་དཔོན་རིགས་ཀྱི་བུ་ཕྲུག་ལ་སྐྱེས་མ་ཐག་དཔོན་གནས་རིམ་པ་བཞི་པ་ཡིན་པ་དང་། ལོ་བཅུ་བདུན་ལ་སླེབས་སྐབས་སྲིད་གཞུང་གི་གོ་གནས་གཙོ་བོ་འཁུར་ཆོག འོན་ཀྱང་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་རྣམས་སྤྱི་ཚོགས་ཀྱི་ཆེས་དམའ་རིམ་དུ་གནས་པས་སྤྱི་ཚོགས་ཁྲོད་དབང་ཆ་གང་ཡང་མེད།
“མངའ་བདག་ཆེན་པོ་གསུམ”གྱིས་ཞིང་བྲན་ཚོའི་སྐྱེ་འཆིའི་དབང་ཆ་ཆ་ཚང་བཟུང་ལ། 《ཞལ་ལྕེ་བཅུ་དྲུག》སོགས་ཀྱི་བཅའ་ཁྲིམས་བཟོས་ནས། ཡ་ང་སྙིང་རྗེ་མེད་ལ་གདུག་རྩུབ་ཆེ་བའི་ཁྲིམས་ཆད་ལ་བརྟེན་ནས་ཞིང་བྲན་གྱི་གྱེན་ལོག་དྲག་གནོན་བྱེད་ཀྱི་ཡོད། དགོན་སྡེ་དང་སྐུ་དྲག་གིས་ད་དུང་བཙོན་ཁང་དང་སྒེར་གྱི་བཙོན་ཁང་བཙུགས་ནས་ཁྲིམས་ཆས་རང་སྒྲིག་དང་ཁྲིམས་ས་སྒེར་འཛུགས་ཀྱིས་ཞིང་བྲན་རྣམས་ཀྱི་ལག་པ་གཅོད་པ་དང་སྙིང་འདོན་པ་སོགས་ཀྱི་གདུག་རྩུབ་ཆེ་བའི་ཁྲིམས་ཆད་གཅོད་ཀྱི་ཡོད།
“མངའ་བདག་ཆེན་པོ་གསུམ”གྱིས་ཞིང་བྲན་གྱི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པ་དང་། བཀའ་ཤག་སྲིད་གཞུང་གིས་ཞིང་བྲན་རྣམས་མངའ་ཁོངས་གཞིས་ཀའི་ས་ཆར་གཏན་དུ་སྡོད་པ་ལས་རང་དགར་ཁ་འབྲལ་མི་ཆོག་པའི་གཏན་འབེབས་བྱས་ཡོད་ལ། མངའ་བདག་ཚོས་ཞིང་བྲན་རྣམས་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རང་དགར་ཉོ་ཚོང་དང་། ནང་བཤུག ལག་རྟགས་སུ་སྤྲོད་པ། བུ་ལོན་འཇལ་བ། བརྗེ་རེས་བཅས་བྱེད་ཀྱི་ཡོད། ཞིང་བྲན་གྱི་སྐྱེ་འཆི་དང་། མནའ་མ་དང་མག་པ་སློང་སྟེར་གྱི་དབང་ཆ་ཡོད་ཚད་ཞིང་བྲན་བདག་པོར་དབང་ཞིང་། ཞིང་བྲན་གཉེན་སྒྲིག་བྱེད་པར་ངེས་པར་དུ་མངའ་བདག་གི་མོས་མཐུན་འཐོབ་དགོས། གལ་སྲིད་མོས་མཐུན་མ་ཐོབ་པར་གཉེན་སྒྲིག་བྱས་ཚེ་ཞིང་བྲན་ཚོས་རང་ལུས་སླུ་བའི་གྲོན་དངུལ་འཇལ་དགོས་ལ། མནའ་མ་དང་མག་པ་སློང་སྟེར་འགའ་ཤས་ལ་མངའ་བདག་གིས་མོས་མཐུན་བྱས་ཀྱང་སྔོན་ཆད་ཀྱི་དབང་ཁོངས་ལ་འགྱུར་བ་མེད་པས། གཉེན་སྒྲིག་བྱས་རྗེས་བུ་དང་བུ་མོ་དེ་གཉིས་སྔར་བཞིན་སོ་སོའི་མངའ་བདག་ལ་དབང་། གལ་སྲིད་ཞིང་བྲན་ལ་ཕྲུ་གུ་སྐྱེས་ན་མངའ་བདག་ལ་ཕྲུ་གུ་སྐྱེས་པའི་ཁྲལ་འཇལ་དགོས་པ་དང་། དེབ་ནང་ཐོ་འགོད་བྱས་རྗེས་ཚེ་གང་ཞིང་བྲན་རེད།
དཔལ་འབྱོར་གྱི་བཤུ་གཞོག
ཞིང་བྲན་ཁྲི་ཚོ་བརྒྱས་གོས་ཀྱིས་རྒྱབ་མི་ཁེབས་ལ་ཟས་ཀྱིས་གྲོད་པ་མི་རྒྱགས་པའི་འཚོ་བ་བསྐྱལ་བ།
བོད་རྙིང་པར་རྒྱ་ཆེའི་ཞིང་བྲན་ཚོ་འཁྱགས་ལྟོགས་ཀྱིས་མནར་ནས་འཚོ་གནས་ལ་དཀའ་ངལ་ཆེན་པོ་ཕྲད་ཅིང་། འཁྱགས་ལྟོགས་ཀྱིས་ཤི་བའི་མི་གྲངས་བགྲང་གིས་མི་ལང་།
ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ“མངའ་བདག་ཆེན་པོ་གསུམ”ལ་དབང་ཞིང་། “མངའ་བདག་ཆེན་པོ་གསུམ”གྱིས་བོད་རྙིང་པའི་མི་འབོར་བསྡོམས་འབོར་གྱི་5%ཡང་བཟུང་གི་མེད་ཀྱང་། རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་བོ། གྲམ་ཐང་། ཕྱུཌ་རིགས་སོཌ་ཀྱི་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་ཚང་མ་བཟུང་ཡོད། དམངས་གཙོའི་བཅོས་སྒྱུར་གོང་གི་བསྡོམས་རྩིས་ལ་གཞིགས་ན། “མངའ་བདག་ཆེན་པོ་གསུམ”གྱིས་ས་ཞིང་99.7%ཙམ་བཟུང་ཞིང་། རྒྱ་ཆེའི་ཞིང་བྲན་ཚོས“གངས་རི་མར་ལ་གྱུར་ཀྱང་། བདག་པོ་དཔོན་པོས་བརྒྱབ་སོང་། ཆུ་བོ་འོ་མར་གྱུར་ཀྱང་། ཧུབ་གང་འཐུང་དབང་མི་འདུག”ཅེས་སྨྲེ་སྔགས་འདོན་གྱི་ཡོད།
“མངའ་བདག་ཆེན་པོ་གསུམ”གྱིས་གདུག་རྩུབ་ཆེ་བའི་དཔལ་འབྱོར་གྱི་བཤུ་གཞོག་གཏོང་གི་ཡོད། “མངའ་བདག་ཆེན་པོ་གསུམ”གྱིས་ས་ཞིང་བོགས་མར་གཏོང་བའི་ཁྲལ་དང་། དཔྱ་ཁྲལ། ཁྲལ་འུ་ལག སྐྱེད་ལྕིའི་བུ་ལོན་བཅས་བརྒྱུད་ནས་ཞིང་བྲན་ལ་དཔལ་འབྱོར་གྱི་བཤུ་གཞོག་ཆེན་པོ་བཞི་གཏོང་གི་ཡོད། ཞིང་བྲན་གྱིས་དཀའ་བ་སྤྱད་པའི་འབྲས་བུ་ཕལ་མོ་ཆེ་ཞིང་བྲན་བདག་པོས་བདག་གིར་བཟུང་བས། ཞིང་བྲན་གྱིས་ཉིན་མཚན་བསྟུད་ནས་ལས་ཀ་བྱས་ཀྱང་རང་ཁྱིམ་ལ་ལྟོ་ཟ་རྒྱུ་ལྟ་ཅི། ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་རྒྱབ་མི་ཁེབས་པའི་རྟ་ཟོག་སེམས་ཅན་ལྟ་བུའི་ཡ་ང་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།
ཞིང་བྲན་གྱིས་ད་དུང་རྩིས་མི་ཚར་བའི་ཁྲལ་འཇལ་དགོས་ཀྱི་ཡོད། བསྡོམས་རྩིས་བྱས་པའི་ཁྲལ་རིགས་1892ཡོད་པ་དཔེར་ན། ས་ཁྲལ་དང་། ཟོག་ཁྲལ། རི་ཁྲལ། ལམ་ཁྲལ། ལྕི་བའི་ཁྲལ་སོཌ་ཡོད་ལ། ཐ་ན་རྣ་ཅོག་གི་ཁྲལ་ཡང་འཇལ་དགོས་པས། ཞིང་བྲན་གྱིས“མངའ་བདག་ཆེན་པོ་གསུམ”ལ་འཇལ་དགོས་པའི་ཁྲལ་རིགས་ཧ་ཅང་མང་། རྒྱལ་ཚབ་སྟག་བྲག་གི་ལྟག་ལུང་བྱང་གཞིས་ཀ་ལྟ་བུར་མཚོན་ན་ཞིང་བྲན་རེས་ཆ་སྙོམས་ལོ་རེར་ཁྲལ་འུ་ལག་ཉིན་262.5རྒྱུག་དགོས་ཀྱི་ཡོད།
བསམ་བློ་བྲན་བཀོལ།
ཞིང་བྲན་ཁྲི་ཚོ་བརྒྱའི་བསམ་བློ་ལྕགས་སྒྲོག་གིས་དམ་པོར་བཅིངས་པ།
བོད་རྙིང་པར་ཞིང་བྲན་གྱི་བསམ་བློ་ལྕགས་སྒྲོག་གིས་དམ་པོར་བཅིངས་ནས་སློབ་གསོ་དང་སྨན་བཅོས་སོགས་ཀྱི་དབང་ཆ་ཚང་མ་བཙན་འཕྲོག་བྱས་པས། བོད་ཀྱི་སྤྱི་ཚོགས་འཕེལ་མེད་རང་སོར་གནས་ལ། རྒྱ་ཆེའི་ཞིང་བྲན་རྣམས་ཡ་ང་བའི་སྡུག་བསྔལ་ཁྲོད་དུ་གནས།
“མངའ་བདག་ཆེན་པོ་གསུམ”གྱིས་ཁོང་ཚོའི་དམིགས་བསལ་དབང་ཆར་སྲུང་སྐྱོང་བྱ་ཆེད། ཆོས་ལུགས་ཀྱི་ལས་དབང་སྨྲ་བ་དང་། “བདེ་བ་ཅན་གྱི་ཞིང་ཁམས” “སྐྱེ་བ་ཕྱི་མ”སོགས་ཀྱི་ཤོད་སྟངས་ལ་བརྟེན་ནས་སྡུག་བསྔལ་གྱིས་མནར་བའི་མི་དམངས་ལ་འཁྲུལ་སྣང་ཞིག་བསྐྲུན་པ་དང་། ལྷ་དབང་སྒེར་གཅོད་དང་མི་སེར་རྨོངས་བྱེད་ཀྱི་སྲིད་ཇུས་ཁྱབ་གདལ་ཤུགས་ཆེན་བཏང་ནས“ཞིང་བྲན་གྱིས་མྱོང་བའི་དཀའ་སྡུག་ནི་ཚེ་སྔོན་བསགས་པའི་ལས་ཡིན་པས་འགྱུར་ལྡོག་གཏོང་ཐབས་བྲལ་བ”སོགས་ཀྱི་བསམ་བློ་འུད་སྒྲོག་བྱས་ཤིང་། ལས་རྒྱུ་འབྲས་དང་ལས་དབང་གི་ལྟ་བ་བརྒྱུད་རྒྱ་ཆེའི་ཞིང་བྲན་ལ“བདེ་བ་ཅན་གྱི་ཞིང་ཁམས”ཤིག་ཡོད་པར་བཤད་དེ་ཁོ་ཚོའི་བསམ་བློ་རྨོངས་པར་བྱས་ནས་བྲན་གཡོག་གི་ལས་དབང་དང་འཚོ་བའི་དཀའ་སྡུག་ཚང་མ་ལས་འབྲས་ཡིན་པར་བརྗོད། རྒྱ་ཆེའི་ཞིང་བྲན་ཚོ་སྐྱེས་པ་ནས་ཤི་བའི་བར་དང་། ཐོན་སྐྱེད་ནས་འཚོ་བ། ཁྱིམ་ཚང་ནས་སྤྱི་ཚོགས་བཅས་ཚང་མར“མངའ་བདག་ཆེན་པོ་གསུམ”གྱིས་མནར་གཅོད་དང་ཚོད་འཛིན་བྱེད་པ་དང་། “མངའ་བདག་ཆེན་པོ་གསུམ”གྱི་ཁེ་དབང་ངམ་ཡང་ན་འདུ་ཤེས་དང་རྒྱབ་འགལ་བྱུང་བའི་བསམ་བློའི་རིག་གནས་ཡིན་ཕྱིན་གདུག་རྩུབ་ཆེ་བའི་རྡུང་རྡེག་གཏོང་གི་ཡོད།
བོད་རྙིང་པར་གཞུང་བཙུགས་དང་སྒེར་བཙུགས་སློབ་གྲྭར་སློབ་སྦྱོང་བྱེད་མཁན་གྲྭ་པ་དང་སྐུ་དྲག་གི་བུ་ཕྲུག་2000ཙམ་ལས་མེད། རྒྱ་ཆེའི་ཞིང་བྲན་ཚོར་སློབ་གསོ་འཐོབ་དབང་མེད་པས་གཞོན་ནུ་དར་མའི་ཡིག་རྨོངས་ཀྱི་ཚད་95%ཡན་རེད། སྤྱི་ཚོགས་ཡོངས་ཀྱི་སྒྲིག་ཆས་ཧ་ཅང་སྐྱོ་ཞིང་། གཞི་ཁྱོན་ཧ་ཅང་ཆུང་བའི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་3དང་སྒེར་གྱི་སྨན་ཁང་ཁ་ཤས་ལས་མེད་ལ་སྨན་པ་ཡང་བརྒྱ་ཙམ་ལས་མེད་པའི་ཁར། དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་སྨན་པ་400ལྷག་ཙམ་བསྣན་ན་མི་སྟོང་རེར་ཆ་སྙོམས་སྨན་པ་0.4ལས་མེད། མ་ཟད་མིའི་ཆ་སྙོམས་ཚེ་ཚད་ཀྱང་ལོ་35.5ལས་མེད་པས་མི་འབོར་ཡུན་རིང་འཕར་ཐུབ་མེད། འགོ་ནད་དང་རང་བྱུང་གནོད་འཚེ་ཐོན་སྐབས། ས་གནས་སྲིད་གཞུང་གིས་བྱ་ཐབས་སྤྱད་ནས་ནད་པ་སྐྱོབ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྔར་ལས་སྡུག་པའི་ཁྲལ་འུ་ལག་བརྒྱུད་ནས་རྒྱ་ཆེའི་ཞིང་བྲན་ལ་མུ་མཐུད་གཉའ་གནོན་གཏོང་རྒྱུ་དེ་རེད།

འདི་ནི་ཞིང་བྲན་གྱིས་གསར་དུ་བཙས་པའི་ཕྲུ་གུ་ཁྱེར་ནས་ཞིང་བྲན་བདག་པོའི་སར་ཐོ་བཀོད་དེ་སྐྱེ་ཁྲལ་འཇལ་བཞིན་པ།

འདི་ནི་བོད་རྙིང་པར་རྐང་རྗེན་མར་ཞིང་བྲན་བདག་པོའི་ཕྱུགས་ཟོག་འཚོ་བའི་ཞིང་བྲན་གྱི་ཕྲུ་གུ་ཡིན་པ།

འདི་ནི་མི་འཁུར་བའི་འུ་ལག་རྒྱུག་བཞིན་པ།