དབུ་ཤོག>ཆེད་སྒྲིག
  • གནས་ཐབས་བྲལ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-28

    དུས་རབས་20པའི་ལོ་རབས་50པར་བོད་ས་གནས་ཀྱི་སྤྱི་ཚོགས་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་ཡོད། སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས“མངའ་བདག་ཆེན་པོ་གསུམ”ལས་གྲུབ་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཐོན་སྐྱེད་རྒྱུ་ཆ་ཚང་མ་དང་ཞིང་བྲན་གྱི་མི་ལུས་རང་དབང་བཙན་བཟུང་བྱས་ཏེ། རྒྱ་ཆེའི་ཞིང་བྲན་ཚོར་ཆབ་སྲིད་ཐད་ནས་མུན་ནག་དང་གདུག་རྩུབ་ཆེ་བའི་གཉའ་གནོན་གཏོང་བ་དང་། དཔལ་འབྱོར་ཐད་ནས་ཁྲལ་འུ་ལག་དང་སྐྱེད་ཆེའི་བུ་ལོན་གྱི་བཤུ་གཞོག་གཏོང་གི་ཡོད། མི་དམངས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དང་། འཚོ་གནས་དཀའ་བས་སྤྱི་ཚོགས་ཡོངས་ཧ་ཅང་དབུལ་ཕོངས་དང་རྗེས་ལུས་དང་སྒོ་རྒྱག་ཉམས་རྒུད་ཀྱི་གནས་སུ་གྱར་ཡོད།

    ཀླ་ཀློ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་དེ་རིགས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་ལས་རྦད་དེ་རྒྱབ་འགལ་དུ་སོང་བས་ལོ་རྒྱུས་ཀྱིས་དོར་ངེས་རེད་ལ་རྒྱ་ཆེའི་ཞིང་བྲན་ཚོས་རང་ངོས་ཀྱི་འཚོ་གནས་དང་བཅིངས་འགྲོལ་བརྩོན་ལེན་བྱ་ཆེད་རང་ཉིད་ཀྱི་གདམ་ག་བྱེད་ངེས་རེད།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་མི་དམངས་ཀྱི་འདུན་པ་དྲག་པོ་དང་བསྟུན་ནས་བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། 1951ལོའི་ཟླ་5པར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བས་བཅིངས་དཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བསྡུས་པ)བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ། བོད་དང་རྒྱལ་ཡོངས་མཉམ་དུ་ཡར་ཐོན་དང་འཕེལ་རྒྱས་འགྲོ་བར་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་རེད།

    དཀའ་སྤྱད་དང་འབད་བརྩོན་བརྒྱུད་ཏང་དང་ཏང་གི་འགོ་ཁྲིད་འོག མི་དམངས་བཅིངས་འགྲོལ་དམག་ལ་བོད་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་རེད། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་སྤྱི་ཚོགས་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་བཙུགས་ཏེ། སྤྱི་ཚོགས་ལམ་ལུགས་ལ་འགྱུར་ལྡོག་གཏོང་རྒྱུ་དེའང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ཆེ་ཤོས་སུ་གྱུར་ཡོད།

    འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁོ་པའི་ཆབ་སྲིད་རུ་ཚོགས་ཀྱིས་ཚབ་བྱས་པའི་བོད་རྙིང་པའི་ལོག་སྤྱོད་མཐོ་རིམ་གྱིས་བོད་མི་དམངས་ཀྱི་བཅོས་སྒྱུར་གྱི་རེ་འབོད་རྦད་དེ་སྣང་མེད་དུ་བཏང་བ་དང་། ཞི་བའི་བྱེད་ཐབས་བརྒྱུད་བོད་ཀྱི་སྤྱི་ཚོགས་ལམ་ལུགས་རིམ་བཞིན་མངོན་འགྱུར་བྱེད་པའི་ཐད་ཀྱི་ཀྲུང་དབྱང་གི་འབད་བརྩོན་དེ་ཉམ་ཆུང་ཐུབ་ཚོད་གཏོང་ཆོག་པ་ཞིག་ལ་བརྩིས་ནས། དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་ཏེ་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་བཀག་འགོག་བཟོས་ནས་བོད་ཀྱི་ལམ་ལུགས་རྙིང་པ་ནམ་ཡང་གནས་རྒྱུའི་རེ་ངན་འཆང་གི་ཡོད།

    སྐབས་དེ་དུས་གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཧ་ལམ་མེད་པར་གྱུར་ནའང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྔར་བཞིན་གནས་ཡོད། ཞིང་བྲན་ཁྲི་ཚོ་བརྒྱ་ཡི་རེ་འབོད་ཉིན་བཞིན་ཆེ་རུ་འགྲོ་བ་དང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་འོག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ལྡོག་མེད་ཀྱི་ལོ་རྒྱུས་ཤིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།