དབུ་ཤོག>ཆེད་སྒྲིག
  • གླུ་ཞིག་བླངས་ནས་ཏང་ལ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-28

    “གླུ་ཞིག་བླངས་ནས་ཏང་ལ་འབུལ། ཏང་ནི་ང་ཡི་སྐྱེད་མ་ཡིན” ས་མཐོའི་གང་སར་རྒྱུས་མངའ་ཆེ་བའི་གླུ་གཞས་འདི་ཐོས་རྒྱུ་ཡོད། གླུ་གཞས་དེས་བོད་ཀྱི་བུ་ཕྲུག་ཚོའི་བསམ་འདུན་མཚོན་ཡོད་ལ། མཚོ་ལྟར་ཟབ་པའི་ཏང་གི་བཀའ་དྲིན་སྐྱེད་མར་དཔེ་བཞག་པ་དང་། ཏང་གི་འོད་སྟོང་གིས་མི་རྣམས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པའང་མཚོན་ཡོད།

    འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བའི་ལོ་ཞིག་རེད། ལོ་62ཀྱི་སྔོན་དུ་བྱུང་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་རླབས་ཆེའི་འགྱུར་བ་བྱུང་བ། བོད་ཀྱི་མི་དམངས་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ནས་འཛམ་གླིང་ཡང་རྩེར་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབྱུང་མི་སྲིད་པ་དེ་མངོན་འགྱུར་ཡོང་བ་བྱས་ཏེ། སྤྱི་ཚོགས་ཐད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་སུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། འཕེལ་རྒྱས་ཐད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་དུ་བསྒྱུར་བའི་མཆོང་སྐྱོད་རླབས་ཆེན་བྱུང་ཡོད། ཇོ་མོ་གླང་མའི་འདབས་ནས་བྱང་རྩྭ་ཐང་བར་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་གཙང་གསུམ་རྒྱུག་ཁུལ་བར། དེང་གི་བོད་ལྗོངས་སུ་བྱ་གཞག་ཀུན་དར་དང་དཔྱིད་དཔལ་རབ་བཞད་ཀྱི་དགའ་འོས་པའི་རྣམ་པ་མངོན་བཞིན་མཆིས།

    སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ།

    མུན་པ་རུབ་པ་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་མང་ཚོགས་རྣམས་གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དུ་མེ་ཕུང་སྤར་ནས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་ཀྱི་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་དེ་སྔ་ཆ་འཕྲིན་གང་ཡང་ཐོས་མི་ཐུབ་པའི་གྲོང་ཚོ་དེར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཐོག་བརྩེཌ་ཁང་ཆེན་བསྐྲུན་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

    ཡུལ་སྨད་ཤང་གི་འགྱུར་ལྡོག་ནི་ལོ་62ཀྱི་རིང་གངས་ལྗོངས་ས་མཐོར་བྱུང་བའི་འགྱུར་ལྡོག་ཆེན་པོའི་མཚོན་བྱེད་ཙམ་ཞིག་རེད། གྲངས་གཞི་ནི་དཔང་རྟཌ་ཡག་ཤོས་ཤིག་ཡིན་ཏེ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་1.74ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་ཡོད་པ་རེད།

    2020ལོར་ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་11.7ཟིན་པ་དང་། རྫོང(ཆུས)74ལ་སྣུམ་ནག་ལམ་ཁྱོན་ཡོངས་ལ་ཁྱབ་པས། ལྗོངས་ཡོངས་ལ་ཁྱབ་པའི་གཞུང་ལམ་དྲ་བ་སྤྱིར་བསྐྲུན་ཟིན་ཡོད།

    ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བྱུང་ནས་གློག་ཤུགས་མཁའ་ལམ་གྱིས་བོད་ཀྱི་དུད་ཚང་ཁྲི་སྟོང་མང་པོར་གློག་གཏོང་ཐུབ་ཡོད། 2020ལོར་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1020ཟིན་ཡོད།

    ནས་དང་འབྲི་གཡག་གཙོ་བོར་བྱས་པའི་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་གང་སར་བསྐྲུན་ཡོད།

    མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

    ལོ་62ཀྱི་རིང་ཏང་གི་དམངས་ཕྱུག་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཡོང་འབབ་ཇེ་མང་དུ་སོང་བ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156དང་སྒོར་14598སོ་སོར་ཟིན་ནས་འཕར་ཚད་ལོ་མང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ལོ་ངོ་སྟོང་ཕྲག་མང་པོ་དབུལ་པོ་དབུལ་རྐྱང་དུ་གནས་པའི་རྣམ་པ་ལས་རྦད་དེ་སྒྲོལ་ཐུབ་པ་བྱུང་ཡོད།

    ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཟིན་པ་དང་། ངལ་ནུས་མི་འབོར་ལ་སློབ་གསོ་ཐོབ་པའི་ཆ་སྙོམས་ལོ་ཚད་ལོ་10.2ཟིན་ཡོད། སྤྱི་པའི་སྨན་བཅོས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་71.1བར་རིང་དུ་ཕྱིན་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་བརྟན་པོ་བྱུང་བ།

    2013ལོ་ནས་བཟུང་། ལོ་ལྟར་གྱི་ཟླ་4པའི་ཟླ་མཇུག་ནས་ཟླ་10པའི་ཟླ་མཇུག་བར་ས་རུབ་ལ་ཉེ་བའི་སྐབས། མཛེས་སྡུག་རྣམ་པར་བཀྲ་བའི་གློག་འོད་འོག་དངོས་ལྗོངས་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་ངོགས་སུ་འཁྲབ་སྟོན་བྱེད་ཀྱི་ཡོད། ཝུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉེན་སྒྲིག་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་སྙན་པོས་མིག་སྔར་དར་སྲོལ་ཆེ་བའི་སྒྱུ་རྩལ་རྣམ་པའི་ཐོག་ནས་ལོ་ལྟར་ལྟད་མོ་བ་ཁྲི་བཅུ་ཡན་གྱི་ཡིད་དབང་འགུག་གི་ཡོད།

    ལོ་ངོ་སྟོང་ཕྲག་རིང་གཏམ་སྙན་པོ་འདི་ལྟ་བུ་གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་དར་བ་མ་ཟད། ལེའུ་གསར་པ་ཟམ་མི་ཆད་པར་གཏོད་བཞིན་ཡོད།

    2020ལོའི་ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཏེ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ས་གནས་ཀྱི་ཁྲིམས་འཛུཌ་རྣམ་པའི་ཐོག་ནས་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ཞིང་ཆེན་ཨང་དང་པོར་གྱུར་ཡོད།

    ད་ཆ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཉམ་དུ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་ཡོད།

    བོད་ལྗོངས་ནི་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ།

    རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་འཚམ་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ནས་ཆེས་ནན་ཤོས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཡོད།

    མིག་སྔར་རང་ལྗོངས་ཀྱི་གཙོ་གནད་ཆུ་དང་། གཙང་པོ། མཚོ། མཚེའུ་བཅས་ཀྱི་ཆུ་སྤུས་ཚང་མ་རིམ་པ་Ⅲཡན་གྱི་ཚད་གཞིར་སླེབས་པ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་ནས་མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ཐད་ནས་ཡོང་འབབ་བྱུང་ཡོད།

    ལོ་62ཀྱི་རིང་། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབྱུང་མི་སྲིད་པ་དེ་མངོན་འགྱུར་ཡོང་བ་བྱས་ཏེ། “དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ཐོབ་པ་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའང་མེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་བོད་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་གསལ་བཤད་གང་ལེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།