དབུ་ཤོག>ཆེད་སྒྲིག
  • རྒུན་འབྲུམ་ཨ་རག་བསྙལ་ནས་ཡུལ་མིར་ཕན་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-24

    2009ལོར་ས་མཐོའི་སྤུས་རྟགས་ཀྱི་རྒུན་འབྲུམ་ཨ་རག་སྙོལ་བར་གཞོལ་བའི་བོད་ལྗོངས་སྨར་ཁམས་རྫོང་གི་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སི(གཤམ་དུ་བོད་ཤར་གཅེས་ནོར་ཨ་རག་ཀུང་སི་ཞེས་བསྡུ་རྒྱུ)འཇང་མི་རིགས་ཤང་དུ་བཙུགས་པ་རེད། ལོ་དེའི་ཟླ་10པར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུནཔའི་སྤུས་ལེགས་ཀྱི་ཚྭ་ཁ་ལྷོའི་རྒུན་འབྲུམ་ཨ་རག་ཁག་དང་པོ་དངོས་སུ་ཐོན་སྐྱེད་བྱས་ཏེ་རང་ལྗོངས་ཀྱི་རྒུན་འབྲུམ་ཨ་རག་ཐོན་ལས་ཚོང་ལས་སུ་འགྱུར་བའི་འགོ་བརྩམས་ཡོད། ཀུང་སི་བཙུགས་ཚུན་ཟམ་མི་ཆད་པར་གསར་འབྱེད་ཡར་བརྩོན་བྱས་ཏེ། སྨར་ཁམས་རྫོང་གི་ལྷོ་རྒྱུད་ཀྱི་ཤང་གསུམ་དུ་དཔེ་སྟོན་རྟེན་གཞི་གསུམ་བཙུགས་པ་མ་ཟད། ད་དུང་ཡུལ་དེའི་མང་ཚོགས་འབོར་ཆེན་ལས་ཞུགས་ཐུབ་ནས་ཕྱུག་པོའི་ལམ་དུ་འཁྲིད་པ་རེད།

    གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ་ལས་གཏོད་ཀྱི་བྱ་ཐབས་བཏོད་པ།

    སྨར་ཁམས་རྫོང་ནི་སྐམ་ཤས་ཆེ་བའི་རོང་ཁུལ་དུ་གནས་ཤིང་། རང་བཞིན་ལྷུན་གྱིས་གྲུབ་པའི་རང་བྱུང་ཆ་རྐྱེན་ལྡན་པ་དང་ནད་དང་གནོད་འབུའི་གནོད་འཚེ་ཉུང་བས། རྒུན་འབྲུམ་འདེབས་པའི་རང་བྱུང་གི་ཞིང་ས་གཤིན་པོ་ཞིག་རེད། མིག་སྔར་རྫོང་དེའི་རྨོག་ཤོད་ཤང་དང་། ཆུ་ཚན་ཁ་ཤང་། འཇང་མི་རིགས་ཤང་བཅས་ཀྱི་གནམ་གཤིས་ཆ་རྐྱེན་རྒུན་འབྲུམ་འདེབས་པར་འཚམ་པས་རྒུན་འབྲུམ་ཨ་རག་གི་མ་བཅོས་རྒྱུ་ཆའི་རྟེན་གཞིར་གྱུར་བ་རེད།

    “སྤུས་ལེགས་ཀྱི་རང་བྱུང་ས་ཁམས་ཁོར་ཡུག་གིས་ཚྭ་ཁ་ལྷོའི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་ལ་མ་བཅོས་རྒྱུ་ཆ་དང་ཨ་རག་སྙོལ་ས་རྩེ་གྲ་ཞིག་མཁོ་འདོན་བྱས་ཡོད”བོད་ཤར་གཅེས་ནོར་ཨ་རག་བཟོ་གྲྭའི་རྒྱལ་སྒོ་འཛུལ་སྐབས་བསུ་མར་སླེབས་པའི་ཀུང་སིའི་བྲིན་ཚོང་པུའི་འགན་འཁུར་བ་འཇང་མི་རིགས་ཤང་གི་བུ་མོ་ཆོས་མཚོས་འཕྲལ་དུ་འདི་གའི་རྒུན་འབྲུམ་ཐོན་ལས་ངོ་སྤྲོད་བྱས་ཤིང་།“ཚྭ་ཁ་ལྷོར་རྒུན་འབྲུམ་ཨ་རག་བསྙལ་ནས་དུས་ཚོད་ཧ་ཅང་རིང་པོ་སོང་ཡོད། དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཧྥ་རན་སེ་ནས་ཡོང་བའི་ཆོས་སྤེལ་མཁན་ཚོས་འདི་གར་ཆོས་སྤེལ་བ་དང་སྦྲཌ། མང་ཚོགས་ལ་རྒུན་འབྲུམ་འདེབས་སྟངས་དང་རྒུན་འབྲུམ་ཨ་རག་སྙོལ་སྟངས་བསླབས་ཡོད། དེ་ནས་བཟུང་འདི་གར་རྒུན་འབྲུམ་འདེབས་པ་དང་། རྒུན་འབྲུམ་ཨ་རག་སྙོལ་བ། འཐུང་བ་བཅས་ཀྱི་གོམས་གཤིས་འཇགས་ཡོད”ཅེས་བཤད།

    བཟོ་གྲྭའི་ཁུལ་གྱི་བགྲོད་ལམ་ཟུར་དུ་བཙུགས་པའི་འགྲེམས་སྟོན་སྒྲོམ་བྱང་ཞིག་དེ་བས་མངོན་གསལ་དོད་པོ་འདུག “ང་ཚོའི་ཀུང་སི་ཁོང་གཉིས་ཀྱིས་བཙུགས་པ་རེད། བློ་བཟང་ཚེ་རིང་ནི་ངའི་གཅེན་པོ་རེད། ད་ཆ་པེ་ཅིང་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་དུ་དོ་དམ་སློབ་སྦྱོང་བྱེད་བཞིན་ཡོད། ཀའོ་ཅེ་ནི་ང་ཚོའི་རྒུན་འབྲུམ་ཨ་རག་གི་འབུམ་རམས་པ་རེད”ཅེས་ཁེངས་སྐྱུང་ཆེ་བའི་ཆོས་མཚོས་འགྲེམས་སྟོན་སྒྲོམ་བྱང་བསྟན་ཞོར་དེ་ལྟར་ངོ་སྤྲོད་བྱས།

    “ང་ཚོའི་ཁྱིམ་གྱིས་སྔ་མོ་ནས་ཚོང་ལས་གཉེར་གྱི་ཡོད། པཱ་ལགས་ཀྱིས་དང་ཐོག་མ་རྩ་སྟོངས་ལ་ཉེ་བའི་ཆང་སྙོལ་ཁང་ཞིག་ཉོས་ཏེ་ཨ་རག་ལས་རིགས་གཉེར་འགོ་བཙུགས་པ་རེད། 2009ལོར་སྲིད་གཞུང་གིས་ཆེད་མངགས་གཅེན་པོ་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་རྒུན་འབྲུམ་ཨ་རག་སློབ་གླིང་དུ་སློབ་སྦྱོང་ལ་བཏང་བ་རེད། དེ་ནི་ཨེ་ཤེ་ཡའི་རྒུན་འབྲུམ་ཨ་རག་སློབ་གླིང་གཅིག་པུ་དེ་རེད། དེ་གར་གཅེན་པོས་རྒུན་འབྲུམ་དང་རྒུན་འབྲུམ་ཨ་རག་གི་ཆེད་ལས་འབུམ་རམས་པ་ཀའོ་ཅེ་ངོ་ཤེས་པ་དང་ཀའོ་ཅེའི་རྒན་ལགས་ནི་རང་རྒྱལ་གྱི་རྒུན་འབྲུམ་ཨ་རག་སྙོལ་བར་སྐད་གྲགས་ཤིན་ཏུ་ཆེ་བའི་སྐུ་ཞབས་ལི་ཧྭ་ལགས་རེད། སློབ་སྦྱོང་བྱེད་རིང་ངའི་གཅེན་པོས་རྒུན་འབྲུམ་ཨ་རག་གི་ལག་རྩལ་ནང་འདྲེན་བྱེད་འདོད་ཡོད་པའི་སྐོར་ཀའོ་ཅེ་ལ་བཤད་པ་རེད། ཕྱིས་སུ་རྟོག་ཞིབ་བྱས་རྗེས་ཀའོ་ཅེས་ལག་རྩལ་མ་རྐང་ནང་འཇོག་པའི་ཐབས་ལ་བརྟེན་ནས་ངའི་གཅེན་པོ་དང་མཉམ་དུ་བོད་ཤར་གཅེས་ནོར་ཨ་རག་ཀུང་སི་བཙུགས་པ་དང་དེ་ནི་བོད་ཀྱི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་ཁེ་ལས་དང་པོ་དེ་རེད”ཅེས་ཆོས་མཚོས་དྲན་གསོ་བྱེད་བཞིན་བཤད། ཁེ་ལས་གཉེར་དགོས་སྟབས་དེ་སྔ་གཞུང་ལས་པ་ཞིག་ཡིན་པའི་ཁོ་མོས་ལས་གནས་དགོངས་པ་ཞུས་ཏེ་ཀུང་སིར་ཡོང་ནས་རྒུན་འབྲུམ་ཨ་རག་ཚོང་གཉེར་བྱས།

    བབ་བསྟུན་ལས་སྒྲུབ་བྱས་ནས་ཁྱད་ལྡན་སྤུས་རྟགས་བཏོད་པ།

    བཟོ་གྲྭའི་ཁུལ་གྱི་ཟོག་སྐྱེལ་ཁུལ་བརྒྱུད་སྐབས་བཟོ་པ་ཁག་གཅིག་གིས་ཤུགས་ཆེའི་ཆུ་སྦུག་སྤྱད་ནས་འགྱིག་སྣོད་འཁྲུ་བཞིན་འདུག

    “དེ་གོང་རྒུན་འབྲུམ་ཨ་རག་ཉོ་བར་འགྱིག་སྣོད་4000ལྷག་ཙམ་སྤྱད་པ་རེད། ད་ཆ་དེ་དག་བསྡུ་རུབ་བྱས་ནས་རྗེས་མ་སྤྱོད་རྒྱུ་ཡིན། ང་ཚོས་རྨོག་ཤོད་ཤང་དང་ཉོ་སྒྲུབ་གན་རྒྱ་བཞག་པ་ཡིན། རྒུན་འབྲུམ་ལ་ཁྲོམ་རའི་རིན་གོང་ལས་10%མཐོ་བ་སྤྲོད་ཀྱི་ཡོད། ཉིན་10ཉོ་སྒྲུབ་བྱས་རྗེས་ཏུན་400ཙམ་ཟིན་འདུག”ཅེས་ཆོས་མཚོས་ངོ་སྤྲོད་བྱས་པ་དང་མ་བཅོས་རྒྱུ་ཆ་དེ་གར་འབྱོར་རྗེས་རྒུན་འབྲུམ་ཨ་རག་སྙོལ་བའི་དུས་ལ་སླེབས་ཡོད།

    “2020ལོར་ཐོན་འབབ་ཏུན་400ལྷག་ཟིན་པ་དང་བྲིན་ཚོང་ཡོང་འབབ་སྒོར་ཁྲི་3000ཟིན་ཡོད”ཅེས་ཀུང་སི་འཕེལ་རྒྱས་མྱུར་པོ་ཕྱིན་པའི་སྐོར་གླེང་སྐབས་ཆོས་མཚོས་སྤོབས་པ་ཆེན་པོས་བཤད། ཁོང་གིས་“ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ན་ངེས་པར་དུ་ཁྱད་ལྡན་གྱི་ཐོན་ལས་ཁྱུ་ཚོགས་བཏོད་དེ་ཉེ་འཁོར་གྱི་མང་ཚོགས་ཐུན་མོང་ཐོག་ཞུགས་སུ་བཅུག་ན། མ་བཅོས་རྒྱུ་ཆ་སྤུས་ཚད་མཐོ་པོས་རྒྱུན་མཐུད་མཁོ་འདོན་བྱེད་ཐུབ་ལ། མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་བྱེད་ཐུབ། ངའི་གཅེན་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཀུན་སློང་ཡང་དེ་རེད། ཁོང་གཉིས་ཀྱིས་ལག་རྩལ་དང་། འཕྲུལ་ཆས། ཨ་རག་བཟོ་གྲྭའི་གཞི་ཁྱོན། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་སོགས་ཀྱི་ཐད་ལ་བླང་བྱ་མཐོ་པོ་འདོན་གྱི་ཡོད། དེ་ནི་ལོ་བརྒྱའི་ཁེ་ལས་བཏོད་དེ་ཆབ་མདོའི་རྒུན་འབྲུམ་ཨ་རག་ཀྲུང་གོ་དང་འཛམ་གླིང་ལ་སྐད་གྲཌ་ཆོད་པའི་ཆེད་དུ་རེད”ཅེས་བཤད།

    ཀུང་སིའི་འགྲེམས་སྟོན་ཚོམས་ཆེན་གྱི་གྱང་ལྡེབས་སུ་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་དང་བྱ་དགའ་ཡིས་ཁེངས་འདུག 2014ལོའི་ཟླ་12པར་དེ་སྔའི་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས“ཚྭ་ཁ་ལྷོའི་རྒུན་འབྲུམ་ཨ་རག”ལ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་སྲུང་སྐྱོང་ཆོག་མཆན་གནང་བ་དང་། ལོ་དེར་ཀུང་སི་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས་ལ་བདམས་པ། 2017ལོའི་ཟླ་3པར་ཚྭ་ཁ་ལྷོའི་རྒུན་འབྲུམ་ཨ་རག་“ཨེ་ཤེ་ཡའི་རྒུན་འབྲུམ་ཨ་རག་གི་སྤུས་ཚད་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པའི”གསེར་གྱི་བྱ་དགའ་རག་པ། ལོ་དེར“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་སྤུས་རྟགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ཐོན་ལས་སྟོབས་ཆེར་བཏང་ནས་ཡུལ་དེའི་མི་སེར་ལ་ཕན་པ་བསྐྲུན་པ།

    “ད་ཆ་བཟོ་གྲྭར་ལས་མི་38ཡོད། ཁོང་ཚོར་ཆེད་མངགས་འཚོ་བའི་ཁུལ་འཆར་འགོད་བྱས་ཡོད”ཅེས་གླེང་མོལ་བྱེད་ཞོར་ང་ཚོས་ཐོན་རྫས་འགྲེམས་སྟོན་ཁང་དུ་བསྐྱོད་པ་ཡིན།

    “ཀུང་སི་བཙུཌ་མ་ཐག་པའི་སྐབས་སུ་རྒུན་འབྲུམ་ཨ་རག་གི་མ་བཅོས་རྒྱུ་ཆ་གཏན་ནས་འདང་གི་མེད་པས་ཨ་རག་ཏུན་50ཡང་ཐོན་སྐྱེད་ཐུབ་ཀྱི་མི་འདུག ཐོན་ཚད་དེས་ཐོན་ལས་འཁོར་འབྲེལ་འཐུས་ཚང་ཡོང་ཐབས་བྲལ་བ་རེད”ཅེས་ཆོས་མཚོས་ངོ་སྤྲོད་བྱས།

    ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག་2012ལོ་ནས་བཟུང་བོད་ཤར་གཅེས་ནོར་ཨ་རག་ཀུང་སིས་ཡུལ་དེའི་མང་ཚོགས་འབོར་ཆེན་རྒུན་འབྲུམ་འདེབས་རྒྱུར་སྐུལ་ཁྲིད་བྱས་པ་དང་ལོ་དེར་རྒུན་འབྲུམ་མུའུ་200ལྷག་བཏབ་ཡོད། ཉེ་བའི་ལོ་ཤས་རིང་། ཀུང་སིས་ཐོག་མཐའ་བར་གསུམ་དུ“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་རྒུན་འབྲུམ་འདེབས་པར་སྐུལ་ཁྲིད་བྱས་པ་དང་མིག་སྔར་གཞི་ཁྱོན་མུའུ་ཁྲི་1ཟིན་པ་དང་། འདེབས་འཛུགས་དུད་ཚང་140ལྷག་ཟིན་པ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཟིན་པ་རེད།

    “ཀུང་སི་བཙུགས་ཚུན། ཡུལ་དེའི་མང་ཚོགས་མང་པོ་ཞིག་ལས་ཞུགས་འབབ་འཕར་བྱུང་བ་དང་ཆབས་ཅིག་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་གཉིས་ཀྱི་སློབ་ཡོན་དང་འཚོ་བའི་འགྲོ་སོང་ཆ་ཚང་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས་སློབ་གསོའི་དབུལ་སྐྱོར་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སློབ་མ་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་ཆོས་མཚོས་ཀུང་སིས་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་སྐོར་འཁོན་ཐོགས་མེད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཀུང་སི་དེས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ”ལ་རོགས་སྐྱོར་བྱས་པ་བརྒྱུད་ཆེད་མངགས་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་ནས་ལྷོ་རྒྱུད་ཀྱི་ཤང་གསུམ་གྱི་དུད་ཚང་དབུལ་པོ་32ལ་རོགས་སྐྱོར་བྱས་པ་དང་མ་དངུལ་སྒོར་ཁྲི་20ལྷག་བཏང་ནས་མང་ཚོགས་དབུལ་པོའི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་པ་རེད།

    “ཉེ་བའི་ལོ་ཤས་རིང་། ཀུང་སིའི་ཐོན་ལས་ཀྱི་སྐུལ་ཁྲིད་འོག་ཡུལ་དེའི་ཞིང་འབྲོག་པའི་ཡོང་འབབ་ལོ་རེ་བཞིན་མང་དུ་སོང་ཡོད”ཅེས་ཆོས་མཚོས་དེ་ལྟར་ངོ་སྤྲོད་བྱས་པ་དང་། ད་དུང་2020ལོར་རྒུན་འབྲུམ་ཨ་རག་ཉོ་སྒྲུབ་བྱེད་པའི་དུས་ཚིགས་སུ་ཀུང་སིས་མི་700ལྷག་སྐབས་འཕྲལ་ལས་ཀར་བཅུག་པར་ཡོང་འབབ་སྒོར་ཁྲི་10ལྷག་ཟིན་པ་དང་། མི་19གཏན་འཇགས་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་70ལྷག་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།