སྣེའུ་ཁུལ་གསར་བདེ་སྐྱིད་ཨུ་ལྷན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ“ས་ངན”གྱི་གནས་སྤོས་མང་ཚོགས་520ཡོད་པའི་ནང་ལོ་18ཡན་གྱི་བུད་མེད་202ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི“ལེའུ་ཕྱི་མ”ཡག་པོ་རྩོམ་ཐུབ་པ་དང་། བུད་མེད་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་འགན་ལེན་བྱེད་པ། གནས་སྤོས་ས་ཚིགས“སྡོད་ཁང་གསར་པ”ཙམ་མ་ཡིན་པར“བདེ་སྡོད་ཁུལ”ཞིག་ཏུ་འགྱུར་བ་བཅས་བྱ་ཆེད། སྣེའུ་ཁུལ་གསར་བདེ་སྐྱིད་ཨུ་ལྷན་བཀོད་སྒྲིག་ས་ཚིགས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་གནས་སྤོས་བུད་མེད་ཀྱི་ལས་དོན་ལ“མཐོང་ཆེན་གསུམ”བྱས་ནས་གནས་སྤོས་བུད་མེད་ཚོར“གནམ་ཕྱེད་ཀ”འདེགས་རོགས་བྱས་པ་རེད།
བུད་མེད་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་མཐོང་ཆེན་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
གནས་སྤོས་བུད་མེད་ཀྱི་བྱང་ཚད་དང་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། བདེ་ཐང་དང་། ཤེས་དཔལ། ཡར་བརྩོན་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། བུད་མེད་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། “སྐྱེས་པ་མཆོག་དང་བུད་མེད་དམན་པའི”རྙིང་ཞེན་བག་ཁུམ་གྱི་བསམ་བློའི་བཀག་རྒྱ་ལས་སྒྲོལ་ཐབས་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་པའི་དུས་རབས་གསར་པའི་བུད་མེད་གསར་པ་ཞིག་བརྩོན་ལེན་བྱེད་པ་བཅས་ཀྱི་ཆེད་དུ། སྣེའུ་སྲང་ལམ་གྱིས“དུས་རབས་གསར་པའི་བུད་མེད་གསར་པ་ཞིག་བྱ་རྒྱུའི་བརྩོན་ལེན”དང་། “བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང”“བུད་མེད་ལ་བརྩེ་སེམས་འཆང་བ། སྣེའུ་ལ་བརྩེ་སེམས་འཆང་བ”སོགས་ཀྱི་དྲིལ་བསྒྲགས་དང་འཚམས་འདྲིའི་བྱེད་སྒོ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། གནས་སྤོས་བུད་མེད་ཚོར་དུས་རབས་གསར་པའི་བུད་མེད་གསར་པ་ཞིག་བརྩོན་ལེན་དང་། “རང་གིས་རང་ལ་བརྩི་འཇོག་དང་། རང་གིས་རང་ལ་ཡིད་ཆེས། རང་རྐྱ་འཕེར་བ། རང་སྟོབས་ལྡན་པ”བཅས་ཀྱི་བུད་མེད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་རིགས་ཀྱི་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་བྱེད་སྒོར་ཧུར་ཐག་ཞུགས་པ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བ་བཅས་ལ་བརྟེན་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་། ཕོ་མོ་འདྲ་མཉམ། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པ་ཞིག་ཐུན་མོང་ཐོག་གཏོད་དགོས་པའི་སྐུལ་ལྕག་བྱས་པ་རེད།
“དེར་གནས་སྤོས་བྱས་རྗེས་སྒྲོག་འགྲེལ་སྣ་ཚོགས་ཉན་པ་དང་ས་གནས་ས་ཐོག་ཏུ་བློ་འདྲི་བྱས་པ་བརྒྱུད། རྒྱུན་དུ་ཐག་གཅོད་མི་ཐུབ་པའི་ཁྱིམ་ཚང་གི་འགལ་བ་མང་པོ་སེལ་བ་དང་ཁྲིམས་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་མཆོག་ཤེས་བྱུང་། ད་ཆ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་དེ་སྔ་བསམ་ཡང་མ་ཕོད་པ་ཞིག་རེད། ཁུལ་ཆུང་དེར་སྤོས་རྗེས་རང་ཉིད་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་ཕྱིན་སོང”ཞེས་བཀོད་སྒྲིག་ས་ཚིགས་ཀྱི་བུད་མེད་ཀརྨ་ཆོས་འཛོམས་ཀྱིས་བཤད།
བུད་མེད་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུར་མཐོང་ཆེན་བྱས་ནས་དམངས་སེམས་འདུ་འགོད་ལག་ལེན་བསྟར་བ།
གནས་སྤོས་མ་བྱས་གོང་གནས་སྤོས་བུད་མེད་ཚོས་བུད་མེད་ཚན་ཁག་གི་བདེ་ཐང་ཤེས་བྱ་སྤྱིར་ན་ཤེས་ཀྱི་མེད། བཙོག་ཟིང་ཞན་གསུམ་གྱི་འཚོ་བའི་ཁོར་ཡུག་དང་དེ་བཞིན་མི་སྒེར་གྱི་གཙང་སྦྲར་དོ་སྣང་མེད་པས། མོ་ནད་ཕོག་ཉེན་ཆེན་པོ་ཡོད། བཀོད་སྒྲིག་ས་ཚིགས་སུ་སྨན་དོན་མི་སྣས་དུས་ངེས་མེད་ངང་བུད་མེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། གནས་སྤོས་བུད་མེད་ཚོར་བདེ་ཐང་ལ་སྣང་ཆེན་དང་། མི་སྒེར་གྱི་གཙང་སྦྲར་དོ་སྣང་བཅས་བྱས་ནས་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་ཐུབ་པའི་ཁྲིད་སྟོན་ཡང་བྱས་ཡོད།
སྨན་དོན་མི་སྣས་ད་དུང་ཁྱིམ་ཚང་དུ་བསྐྱོད་དེ་སྦྲུམ་མར་རིན་མེད་ངང་བརྟག་དཔྱད་དང་། བདེ་ཐང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཀྱི་ཡོད། རྗེས་སྙེགས་བརྟག་དཔྱད་བྱེད་རིང་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་མཁན་ལ་བྱ་དགའ་སྤྲོད་པའི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་རྒྱག་པ་དང་། རང་དགར་ཁྱིམ་དུ་ཕྲུ་གུ་བཙའ་ན་སྦྲུམ་མའི་ལུས་པོར་གནོད་པ་དང་དེ་བཞིན་ཕྲུ་གུར་ཡང་ཉེན་ཁ་ཡོད་ལུགས་ཤོད་པ། སྨན་ཁང་དུ་ཕྲུ་གུ་བཙའ་རྒྱུར་སྐུལ་ལྕག་གཏོང་བ། སྦྲུམ་མའི་གནས་སྐབས་ཤེས་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། སྦྲུམ་མར་ནད་གཞི་ཕོག་ཚད་དང་ཕུ་གུ་ཡ་མ་གཟུགས་སྐྱེ་ཚད་དམའ་རུ་བཏང་ཡོད། དེ་བཞིན་སྨན་བཅོས་སྨན་རྫས་དང་བདེ་ཐང་ཤེས་བྱ་ཁྱིམ་གྱི་སྒོ་རྩར་དྲིལ་བསྒྲགས་བྱེད་པར་བསྐྱོད་པས། སྦྲུམ་མས་བཀོད་སྒྲིག་ས་ཚིགས་ལ་ཡིད་ཆེས་བྱེད་ཤུགས་དང་བློས་འགེལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཁོང་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་ཆེ་རུ་ཕྱིན་ཡོད།
བུད་མེད་ཀྱི་ལས་ཞུགས་ཞབས་ཞུར་མཐོང་ཆེན་བྱས་ནས་ཐུན་མོང་ཕྱུག་འགྱུར་གྱི་བསམ་འདུན་བསྒྲུབས་པ།
གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་པ་དང་གཅིག་གཏད་གཅིག་གིས་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ། གནས་སྤོས་བུད་མེད་ཁྲོད་དུ་ལས་ཞུགས་ལས་གནས་སྐོར་གྱི་ཆ་འཕྲིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གནས་སྤོས་བུད་མེད་ཀྱི་ཐོས་རྒྱ་ཆེ་རུ་བཏང་ཞིང་། མི་སྤྱི་བདེ་ཚན་དང་ལས་མི་སྤྱོད་མཁན་ཁེ་ལས་མཉམ་འབྲེལ་ཐོག བཀོད་སྒྲིག་ས་ཚིགས་སུ་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་དང་། གནས་སྤོས་བུད་མེད་ལ་རང་ཉིད་དང་འཚམ་པའི་ལས་ཀ་འཚོལ་རྒྱུའི་སྐུལ་ལྕག་བཏང་བ་མ་ཟད། ད་དུང་གནས་སྤོས་བུད་མེད་ལ་འབད་བརྩོན་ཆེན་པོས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་བཏང་ནས་ཁྱིམ་ཚང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད“གནམ་ཕྱེད་ཀ”འདེགས་དགོས་པའི་ཁྲིད་སྟོན་ཡང་བྱས་ཡོད།
བཀོད་སྒྲིག་ས་ཚིགས་ཀྱི་ལས་བྱེད་པས་ཁྱིམ་ཚང་དུ་འཚམས་འདྲིར་སྐྱོད་པ་བརྒྱུད། ལས་ཞུགས་ཁྲོད་ཀྱི་གནས་སྤོས་བུད་མེད་ཀྱི་དཀའ་ངལ་དངོས་ཤེས་རྟོགས་བྱས་ཏེ། ལས་ཞུགས་ཐད་ཀྱི་ཁྱིམ་ཚང་གི་སེམས་ཁྲལ་དུས་ཐོག་ཏུ་བསལ་བ་དང་ཆབས་ཅིག གནས་སྤོས་བུད་མེད་ཚོར་ཁྱིམ་ནས་ཐོན་ཏེ་ལས་ཞུགས་བྱ་རྒྱུའི་ཁྲིད་སྟོན་དང་རོགས་རམ་ཡང་བྱས་ཡོད། མིག་སྔའི་བར། བཀོད་སྒྲིག་ས་ཚིགས་སུ་མི་208ལས་ཞུགས་ཐུབ་པའི་ནང་བུད་མེད་101ཡོད་པ་དང་སྐྱེས་པ་དང་བུད་མེད་ཀྱི་བསྡུར་ཚད་ནི་1∶1ཡིན་པ་དེ་བུད་མེད་ལས་ཞུགས་བྱེད་རྒྱུའི་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པའི་ལས་ཀའི་གྲུབ་འབྲས་མཚོན་ཆེ་ཤོས་སུ་གྱུར་ཡོད།