“ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པའི་ཐོག ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས”
ཉིན་ཤས་བསྟུད་མར། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་བརྡ་ཐོའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། བྱ་སྤྱོད་མྱུར་དུ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱ་རྒྱུ་དང་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད།
ཀྲུང་དབྱང་རྩ་འཛུགས་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། པུའུ་ལས་ཁུངས་ལ་ཏང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་དང་ཞབས་འདེགས་ཞུ་བའི་ནང་ཞུགས་པ་དང་ཆབས་ཅིག རང་ངོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔོན་ལ་སྤེལ་བ་དང་མིག་དཔེ་འདོན་དགོས་པའི་བླང་བྱ་བཏོན་པ་མ་ཟད། ད་དུང་ཏན་ཏིག་གཏིང་ཟབ་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་རང་རྟོགས་ངང་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལོན་པ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས་པ་དང་། དེ་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ། དེ་བས་རང་རྟོགས་ངང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ། དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་ཀྱང་བྱས་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རང་རེའི་ཏང་གི་ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་འཁུར་སེམས་གང་ལེགས་མཚོན་པ་དང་། གུང་ཁྲན་ཏང་མིས་ཕུགས་བསམ་དང་དད་སེམས་དང་། ཆབ་སྲིད་གཤིས་རྒྱུད། བསམ་པའི་འཁྱེར་སོ་བཅས་གང་འདྲ་ཞིག་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས་ལུགས་བསྟན་པ་དང་། དེས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་རྩ་བ་བརྟན་གཏོང་གི་ཐབས་ལམ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་དང་འབད་འབུངས་སྟོབས་ཤུགས་ལ་སྐུལ་ལྕག་གཏོང་བའི་ཡུན་རིང་གཏིང་ཟབ་ཀྱི་བཀོད་ཇུས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་འགག་རྩའི་ཐབས་ཇུས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་བཟང་པོ་གཏོད་པའི་འཐབ་ཇུས་ཀྱི་བྱེད་ཐབས་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་རང་རྟོགས་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་འབྲེལ་ཞུགས་དགོས་ཞེས་བསྟན་ཡོད།
ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྐུལ་སློང་ཚོགས་འདུའི་ཐོག དད་སེམས་ལ་བརྟེན་ནས་སློབ་ཁྲིད་དང་། ཚན་ཞིབ། དོ་དམ་བཅས་ལ་སྣེ་ཁྲིད་བྱེད་པ་དང་། དད་སེམས་ལ་བརྟེན་ནས་སློབ་མའི་ཡིད་དབང་འགུག་ཐབས་བྱེད་པ། སློབ་མར་དད་སེམས་ཀྱི་སྟོབས་ཤུགས་དང་བསམ་བློའི་སྟོབས་ཤུགས་ཚོར་བ་བྱེད་པ་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད།
སློབ་གསོ་པུས་བརྙན་ལམ་རྣམ་པའི་ཐོག་ནས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ། ཁོངས་གཏོགས་ཡོངས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམ་འཛིན་ནན་པོ་བྱས་ནས་སློབ་ཚན་དང་སློབ་དེབ་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་དང་། བསམ་བློ་ཆབ་སྲིད་ལས་དོན་གྱི་འཐབ་ས་གཙོ་བོའི་ནུས་པ། དྲ་རྒྱའི་བར་མཐོངས་ཀྱི་ལས་སྟེགས་གལ་ཆེན་གྱི་ནུས་པ། ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་གྱི་སློབ་ཁང་ཆེ་མོའི་ནུས་པ། ཏང་གི་ལོ་རྒྱུས་རིག་ཚན་འཛུགས་སྐྱོང་དང་ཞིབ་འཇུག་དཔུང་ཁག་གི་འདེགས་སྐྱོར་འགན་ལེན་ནུས་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཚན་ཞིབ་རྣམ་གྲངས་དང་ཞིབ་འཇུག་ལས་སྟེགས་ཀྱི་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། དེས་ན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་མྱུར་དུ་སྤེལ་ནས་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཧྲང་ཧའེ་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཁྲུང་ཆིང་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་རང་འགུལ་ངང་འགན་འཁྲི་བ་དང་པོའི་འགན་འཁྲི་འཁུར་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མིག་དཔེ་སྟོན་པ་དང་མདུན་དུ་སྐྱོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
ཐེན་ཅིན་གྲོང་ཁྱེར་གྱིས་སྐུལ་སློང་ཚོགས་ཆེན་འཚོགས་ནས་སྤྱི་འདོམས་མཐུན་སྦྱོར་དང་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་དང་ལས་བྱེད་པ་རིམ་པ་དང་ལས་གནས་གང་དུ་གནས་ཀྱང་ཚང་མས་སེམས་ནུས་ཡོད་རྒུས་ཞུགས་ཏེ་སྦྱངས་ནས་བསམ་བློ་འཁོར་བ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཀོང་ཏུང་ཞིང་ཆེན་གྱིས་སྐུལ་སློང་ཚོགས་ཆེན་ཐོག་རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་དེ་མཚུངས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་སྒྲིག་གཞི་བཙུགས་ནས་ཁོངས་གཏོགས་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཞེས་བཏོན་ཡོད།
སྐྱེ་ཁམས་ཁོར་ཡུག་པུའུ་དང་རིག་གནས་ཡུལ་སྐོར་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་པུའུ་དང་ཆུ་བེད་པུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ། ཚན་རྩལ་པུའུ་དང་ནོར་སྲིད་པུའུ་ཡིས་སྐུལ་སློང་ཚོགས་ཆེན་འཚོགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྒྱུན་དུ་སྤེལ་དགོས་པ་དང་རྟག་ཏུ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནི་ཏང་གི་ལོ་བརྒྱའི་རླབས་ཆེན་འབད་འཐབ་བརྒྱུད་རིམ་ཁྲོད་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་ཞིག་ཡིན་པས། ངེས་པར་དུ་སྦྱངས་ནས་བསམ་བློ་འཁོར་བ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
“སྡེ་ཁུལ་ཆུང་ཆུང་ཞིག་གི་ལམ་སྒྲོན་གྱི་ཤེལ་ཏོག་འཚིག་པ་དང་། སྡེ་ཁུལ་ཆུང་ཆུང་ཞིག་གི་གློག་སྐས་སྐྱོན་ཤོར་བ། སྡེ་ཁུལ་ཆུང་ཆུང་ཞིག་ཏུ་འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ། དམངས་སེམས་དྲ་བས་བརྡ་ཐོ་བཏང་རྗེས་ང་ཚོས་འཕྲལ་མར་ས་གནས་ས་ཐོག་ཏུ་ཞབས་འདེགས་ཞུ་བར་སྐྱོད་ཀྱི་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པ་བརྒྱུད་ངས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཤེས་རྟོགས་གཏིང་ཟབ་བྱུང་། མང་ཚོགས་ལ་དགོས་མཁོ་གང་ཡོད་ཚེ་ང་ཚོས་ཞབས་འདེགས་ཞུ་བར་བསྐྱོད་པ་དང་མང་ཚོགས་ཀྱིས་གནད་དོན་གང་ཞིག་ལབ་གླེང་བྱེད་པ་ང་ཚོས་ཐག་གཅོད་བྱེད་གང་ཐུབ་བྱེད་ཀྱི་ཡོད”ཅེས་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ལི་ཧྲན་ཆུས་བཟོ་ལས་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏན་གྱིས་བཤད་པ་རེད།