གསར་འགོད་པས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས〈ལོ་ལྟར“3·28”དྲིལ་བསྒྲགས་དང་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲིལ་བསྒྲགས་བྱེད་སྒོའི་སྤྱིའི་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་ལས་དོན་ཚེས་22ཉིན་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ཚོགས་ཆུང་7དུ་དབྱེ་ཏེ་ཟླ་3ཚེས་22ནས་31ཉིན་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དང་རྫོང་དང་ཆུས་ཁག་གཅིག་ཏུ་བསྐྱོད་དེ་སྒྲོག་འགྲེལ་བྱ་རྒྱུ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་དུས་ཐོག་ཏུ་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། གྲོང་སྡོད་དགོན་སྡོད་ལས་བྱེད་པ། ཁེ་ལས་ཀྱི་འགན་འཁུར་བ།
དགེ་སློབ་ཀྱི་འཐུས་མི་སོགས་གདན་དྲངས་ནས་ལས་ཁུངས་དང་། ཁེ་ལས། སློབ་གྲྭ། དགོན་སྡེ། ཞིང་འབྲོག་ཁུལ་བཅས་ལ་སྐོར་སྐྱོད་སྒྲོག་འགྲེལ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་11572སྒྲིག་འཛུགས་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་། ཞིང་ནང་དང་མུ་ཁ། གྲོང་ལྷན་དང་དུད་ཁྱིམ། རྩྭ་ཐང་འབྲོག་ར་བཅས་སུ་བསྐྱོད་དེ། ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་ཉེ་འཁོར་གྱི་མི་དང་བྱ་བ་བརྒྱུད་བཅའ་ཁྲིམས་བཤད་ནས་སྒྲོག་འགྲེལ་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་རེད།
སྒྲོག་འགྲེལ་གྱི་ནང་དོན་ཐད། ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཚོགས་གཙོ་ཧྥན་ལེ་ཡིས། སྒྲོག་འགྲེལ་ཚོགས་པས་བོད་ཞི་བའི་བཅིངས་འགྲོལ་དང་ལྷག་དོན་དུ་དམངས་གཙོའི་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62སོང་རིང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་བཅས་ཡོད་པའི་དུས་བབ་ཡག་པོ་སྒྲོག་འགྲེལ་གང་ལེགས་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་དོན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་མངོན་གསལ་འདོད་པོས་སྒྲོག་འགྲེལ་བྱ་རྒྱུ། རླབས་ཆེན་གྱི་གྲུབ་འབྲས་ཡག་པོ་ཤོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། བོད་གསར་རྙིང་གི་བསྡུར་བ་ཡག་པོ་ཤོད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཡག་པོ་ཤོད་པ། བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་ཡག་པོ་ཤོད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་བསལ་ཐུགས་ཁུར་ནམ་ཡང་སེམས་ལ་འཆང་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་འདུ་ཤེས་རང་འགུལ་ངང་འགྱུར་བ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ། གྲོང་གསེབ་དར་རྒྱས་ལ་གཞོལ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། མཐའ་མཚམས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།