ཟླ་2ཚེས་20ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག”བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དེས་རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་ཀྱི་སློབ་དེབ་དེ་སྤྱད་ནས་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་ཤེས་པ་དང་ཏང་ལ་དགའ་ཞེན་དང་། ལོ་རྒྱུས་ཤེས་པ་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བརྩེ་དུང་ཟབ་མོ་དར་སྤེལ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས་ཡོད།
ཟླ་3ཚེས་19ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་བསྐྱོད་དེ“འགོ་རླབས་པོ་ཆེ་འཛུགས་པ”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་པར་རིས་འགྲེམས་སྟོན་ལ་མཉམ་དུ་ལྟ་སྐོར་བྱས་པ་དང་། གསར་བརྗེའི་སྔོན་བྱོན་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེད་ནས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་སྙིང་སྟོབས་ཉམས་ལེན་བྱས་པ་རེད། པར་རིས་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་སྔ་རྗེས་ཀྱི་ལོ་རྒྱུས་གསོན་ཉམས་དོད་པོས་སླར་གསོ་བྱས་པས། ཚང་མའི་མིག་དབང་རྦད་དེ་འཕྲོག་ཡོད། འགྲེམས་སྟོན་ཁང་ནང་དུས་མཚུངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་སོགས་འགྲེམས་སྟོན་བྱས་པས། ཚང་མས་ནན་ཏན་ངང་བལྟས་པ་དང་གསར་བརྗེའི་ཆེད་རང་སྲོག་བློས་གཏོང་བའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུས་པ་རེད།
“ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དེ་ནི་ཏང་ཡོན་ལས་བྱེད་པ་ཚང་མས་ཏང་གི་ལོ་རྒྱུས་ནས་འགོ་བཙུགས་ཏེ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་རིང་ད་རེས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཉམ་དུ་ལྟ་སྐོར་བྱས་པ་ལས་ངར་མྱོང་ཚོར་ཟབ་ཤོས་བྱུང་བ་ནི་ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དེ་ཡིན”ཞེས་ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡུས་ཁྲང་གིས་བཤད།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚན་ཁག་གི་ཁོངས་མི་དང་ལྗོངས་ཐད་གཏོགས་ཚན་པའི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གཞི་རིམ་གྱི་གྲོང་ཚོ་དང་གྲོང་ལྷན་དུ་བསྐྱོད་དེ་གྲོང་ཚོ་དང་གྲོང་ལྷན་གྱི་ལས་བྱེད་པ་དང་མི་སེར་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་སྨན་བཅོས་དང་། སློབ་ཞུགས། ལས་ཞུགས། ཕྱིར་སྐྱོད། ཉེན་ཡོད་ཁང་པ་དང་སྡོད་ཁང་རྙིང་པ་སྒྱུར་བཀོད་སོགས་ཐད་ཀྱི་མང་ཚོགས་ཀྱི་སེམས་ཁྲལ་ཤེས་རྟོགས་དང་གྲོང་ཚོའི(གྲོང་ལྷན)ས་ཞིང་ནང་བཤུག་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། སྡོད་མལ་ཁོར་ཡུག་བཅོས་སྒྲིག རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་སོགས་ཐད་ཀྱི་ཞི་མཐུན་དང་བརྟན་ལྷིང་མེད་པའི་ཉེན་ཁའི་རྒྱུ་རྐྱེན་དང་འགལ་བའི་གནད་དོན་རྒྱུས་ལོན་བྱས་པ་རེད། མང་ཚོགས་ཚོས་གླེང་མང་བའི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་དོན་འཁྱོལ་ནན་ཏན་དང་། ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ། བཅའ་ཁྲིམས་དང་སྒྲིག་སྲོལ་དང་རིམ་དབྱེ་རིགས་དབྱེའི་ཐོག་ནས་ལན་སློག་པའམ་ཡང་ན་ཐག་གཅོད་བྱས་པ་རེད། བསྡོམས་རྩིས་ལ་གཞིགས་ན། ཉེ་དུས་མང་ཚོགས་ཁག་ཐེངས་20ཙམ་དང་མི་ཐེངས་200ཙམ་དང་ངོ་ཐུག་གདོང་འཕྲད་བྱས་ཏེ་གནད་དོན་10ལྷག་ཙམ་ཐག་གཅོད་བྱས་པ་རེད།
ཟླ་3ཚེས་17ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་དངོས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ལས་སྟེགས་ལ་བརྟེན་ནས་བྲག་ཡིབ་ཆུས་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཉིང་ཁྲི་གྲོང་རྡལ་བཅས་ཀྱི་དང་བླངས་པ་དང་མཉམ་དུ་ཉིང་ཁྲི་གྲོང་རྡལ་མཁར་སྲིན་མོ་གྲོང་ཚོར་དཔྱིད་རྨོད་དཔྱིད་འདེབས་ཀྱི་བྱེད་སྒོ་སྤེལ་བ་རེད།
སྐར་ལྔའི་དར་དམར་འགེལ་བ་དང་དཀར་གཙང་ཁ་བཏགས་གཡོགས་པའི་ཞིང་འཕྲུལ་གྲལ་སྟར་འགྲིག་པོས་བསྐྱོད་པ་དང་ཞིང་འབྲོག་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ལོ་ལེགས་ཡོང་རྒྱུའི་སྔ་ལྟས་ཀྱི་ནས་སོན་མཁའ་དབྱིངས་སུ་གཏོར་ནས་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་སྨོན་ལམ་བཏབ་ཡོད། དེ་རྗེས་ཞིང་འབྲོག་མང་ཚོགས་དང་དང་བླངས་པ་ཚོ་མཉམ་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་མཛད་སྒོའི་ཚ་རླབས་འཕྱུར་བར་བྱས། བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུའི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་པས་ཏང་གི་ལོ་རྒྱུས་ཀྱི་ནང་དོན་ལ་དམིགས་ཏེ་སྒྲོག་འགྲེལ་བྱས་ནས་ཚང་མར“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག”བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་ཡང་ཡང་བྱས་པ་དང་། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཞིང་འབྲོག་མང་ཚོགས་དང་དང་བླངས་པ་ཚོ་མཉམ་དུ་ས་ཞིང་འདེབས་འགོ་ཚུགས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་འདེབས་ཀྱི་རྣམ་པ་ཞིག་མངོན་པར་བྱས་ཡོད།