དབུ་ཤོག>ཆེད་སྒྲིག
  • དཔའ་བོའི་བྱས་རྗེས་བསྐྱར་དྲན་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མི་བརྗེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-21

    “དགྲ་བོས་ངའི་མིག་གཉིས་བཏོན་ཡང་། ང་ལ་ད་དུང་ཏང་གི་བཀའ་ལ་ཉན་པའི་རྣ་ཅོག་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ཁ། གསར་བརྗེ་བྱེད་པའི་ལག་པ། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རྐང་པ་བཅས་ཡོད”ཅེས་པའི་སྐད་ཆ་དུམ་བུ་དེས་དཔའ་བོ་སྤུས་དག་གི་སེམས་ནང་གི་སྙིང་གཏམ་མཚོན་གྱི་ཡོད།

    སྐད་ཆ་དེ་ལ་བརྟེན་ནས་ང་ཚོ་སྤུས་དག་གི་ཕ་ཡུལ་སྦྲ་ཆེན་རྫོང་གླ་ཤི་ཤང་དུ་བསྐྱོད་པ་ཡིན། གྲོང་ཚོར་སླེབས་མ་ཐག་རི་འདབས་སུ་ཁང་པ་ཐོག་གཅིག་མ་ཞིག་ཡོད་པ། དེའི་སྒོའི་གཡས་སུ་བཙུགས་པའི་རྡོ་རིང་གྲུ་བཞི་ནར་མོའི་ངོས་སུ“རྩྭ་ཐང་གི་དཔའ་བོ་སྤུས་དག་གི་བཞུགས་གནས་རྙིང་པ”ཞེས་པའི་རྒྱའི་ཡིག་འབྲུ་དམར་པོ་8བརྐོས་པ་དེ་ཧ་ཅང་མངོན་གསལ་དོད། ད་དུང་རྡོ་རིང་ལ་ཁ་བཏགས་མང་པོ་དཀྲིས་པ་དེ་དག་རླུང་བུས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག སྒོའི་གཡོན་ལ“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཞེས་པའི་སྒོ་བྱང་བཀལ་ནས་དེའི་འཁྲིས་སུ་སྤུས་དག་གི་ངོ་སྤྲོད་མདོར་བསྡུས་ཤིག་བྲིས་པ་མཐོང་བྱུང་།

    རྒྱལ་སྒོ་ནས་དར་མ་ཞིག་དོན་ཡོང་བ་དང་། ཁོང་ནི་དཔའ་བོ་སྤུས་དག་གི་བུ་འབྲིང་བ་དོན་གྲུབ་བཀྲ་ཤིས་རེད། ཁོང་གི་ཕ་གྲོངས་རྗེས་ཁོང་ཚོ་འདི་ནས་མ་སྤོས་པར་མུ་མཐུད་བསྡད་ནས་ཕ་ཡིས་འཚོ་བ་བསྐྱལ་མྱོང་བའི་ཁང་པ་རྙིང་པ་དེར་དེ་བས་བརྩི་མཐོང་བྱས། སྒོ་རའི་གཡོན་ངོས་སུ་རྩི་དཀར་པོ་བྱུགས་པའི་ཁང་པ་ཐོག་གཅིག་མ་ཆུང་ཆུང་ཞིག་ཡོད། དོན་གྲུབ་བཀྲ་ཤིས་ཀྱིས“འདིར་ངའི་ཕའི་ཤུལ་དངོས་སྒྲིག་གཤོམ་བྱས་ནས་ད་ཆ་དྲན་གསོ་ཁང་བཟོས་ཡོད”ཅེས་བཤད།

    1932ལོར་སྤུས་དག་འབྲོག་པ་དབུལ་པོ་ཞིག་གི་ཁྱིམ་དུ་སྐྱེས། མུན་ནག་གི་ཞིང་བྲན་སྤྱི་ཚོགས་སུ་སྤུས་དག་གིས་མནར་གཅོད་ཚད་མེད་མྱངས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བའི་རྗེས། ཁོང་གིས་བཅིངས་འགྲོལ་དམག་ལ་སྐྱེལ་འདྲེན་བྱེད་རོགས་བྱས་མྱོང་ལ་ལམ་བཟོ་བ་དང་ལམ་སྲུང་བ་ཡང་བྱས་མྱོང་། རྗེས་སུ་སྦྲ་ཆེན་རྫོང་གཞུང་ལམ་བདག་སྐྱོང་དུམ་བུའི་ཁོངས་གཏོགས་ཀྱི་དར་དམར་ནགས་རའི་བཟོ་པ་ཞིག་བྱས་པ་རེད།

    1959ལོར། བོད་རྙིང་པའི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་ངོ་ལོག་པས་སྤུས་དག་ཡོད་སའི་དར་དམར་ནགས་ར་མཐའ་བསྐོར། དེ་དུས་ནགས་རའི་འགན་འཁུར་བ་གསེར་དགའ་ཡིས་སྤུས་དག་སོགས་མི་4སློང་མོ་བའི་ཚུལ་དུ་བྱས་ནས་གལ་ཆེའི་ཡིག་ཆ་སྐྱེལ་དུ་བཅུག་ཡོད། ཁོང་ཚོས་གལ་ཆེའི་ཡིག་ཆ་ཁྱེར་ནས་མཚན་མོ་མཐའ་སྐོར་བ་ལས་བྲོས་ཐབས་བྱས་ཏེ་རྐང་ཐང་མར་ཡིག་ཆ་སྐྱེལ་བར་བསྐྱོད་ཡོད། ཟླ་1ཚེས་6ཉིན་གྱི་ཕྱི་དྲོར་སྤུས་དག་སྟབས་མ་ལེགས་པར་ངོ་ལོག་པའི་འདྲེ་ལག་ཏུ་ཐེབས་པ་དང་། གསང་བ་ཕྱིར་མི་གྱར་ཆེད་སྤུས་དག་གིས་ཡི་གེ་ཧྲུག་ཧྲུག་བཟོས་ནས་ཁྱུར་མིད་བཏང་བས། རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་འདྲ་བའི་ངོ་ལོག་པས་སྡུག་གཅོད་སྣ་ཚོགས་བཏང་སྟེ་ཚ་འདྲི་བྱས་ན་ཡང་། 

    སྔར་བཞིན་གསང་བ་མ་ཤེས་སྟབས། མཇུག་ཏུ་ཁོང་ཚོས་ཟངས་ཐུར་གྱིས་སྤུས་དག་གི་མིག་གཉིས་བཏོན་ནས་མི་ཚེ་ཧྲིལ་པོ་སྡུག་ལ་སྦྱར་ཡོད། ཟླ་1ཚེས་12ཉིན་སྤུས་དག་ཟིང་འཁྲུག་ཞོད་འཇགས་གཏོང་མཁན་བཅིངས་འགྲོལ་དམག་མིས་བསྐྱབས་པ་དང་། སྐབས་དེ་དུས་ཁོང་གིས་རང་ཉིད་སྐྱོབ་མཁན་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་དམ་པོར་འཐམས་ནས“དགྲ་བོས་ངའི་མིག་གཉིས་བཏོན་ན་ཡང་། ངར་ད་དུང་ཏང་གི་བཀའ་ལ་ཉན་པའི་རྣ་ཅོག་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ཁ། གསར་བརྗེ་བྱེད་པའི་ལག་པ། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རྐང་པ་བཅས་ཡོད”ཅེས་བཤད་པ་རེད།

    1959ལོའི་ཟླ་2པར་སོག་རྫོང་གི་རྫོང་གྲོང་གི་དམག་དམངས་ཚོགས་ཆེན་ཐོག་སྤུས་དག་གི་དཔའ་བོའི་བྱས་རྗེས་ཁྱབ་བསྒྲགས་བྱས་པ་དང་། སྤུས་དག་སྦྲ་ཆེན་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱས་པ་རེད།

    1959ལོའི་ཟླ་4པར་སྤུས་དག་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ནང་ཞུགས་པ་དང་། ད་དུང་སྔོན་ཐོན་ལས་བྱེད་པར་བདམས་པ་རེད། ཁོང་གི་དཔའ་བོའི་བྱས་རྗེས་སྐོར་བོད་ལྗོངས་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་ཤིང་། སྤུས་དག་སྦྲ་ཆེན་རྫོང་ལ་ལོག་རྗེས་ས་གནས་དེའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ཁུར་ཡོད། དུས་དེ་ནས་བཟུང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྤུས་དག་གི་མི་ཚེ་ཧྲིལ་པོའི་བྱ་གཞག་ཅིག་ཏུ་གྱུར་ཡོད།

    དྲན་རྟེན་པར་དུ་མ་ཞིག་འགྲེམས་ཁང་ནང་དུ་བཀལ་ཡོད་པ་ལས་རྒྱལ་ཁབ་ཀྱིས་གསར་བརྗེའི་དཔའ་བོར་མཐོང་ཆེན་ཚད་མེད་གནང་ལུགས་ང་ཚོས་མཐོང་ཐུབ། 1960ལོར་གླ་ཤི་ཤང་གི་འབྲོག་པའི་མཐུན་ཚོགས་ཀྱི་ཀྲུའུ་རེན་དང་གླ་ཤི་ཤང་གི་ཤང་ཀྲང་གཞོན་པའི་འགན་འཁུར་མཁན་སྤུས་དག་ལ་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་མཇལ་འཕྲད་གནང་ནས་ཁོང་ལ་ཐུང་མདའ་ཞིག་བསྩལ་བ་རེད། ལོ་དེར་ཁྲེང་ཏུའུ་དམག་ཁུལ་ཁང་གི་དེ་སྔའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཀྱང་སྤུས་དག་ལ་མཇལ་འཕྲད་གནང་བ་མ་ཟད། ད་དུང་མིག་ཤེལ་ཞིག་ཀྱང་ཕྱག་རྟགས་སུ་གནང་ཡོད། 1964ལོར་གླ་ཤི་ཤང་གི་ཤང་ཀྲང་ཡིན་པའི་སྤུས་དག་པེ་ཅིང་ལ་བསྐྱོད་དེ་ཚོགས་འདུར་ཞུགས་སྐབས་རྒྱལ་ཁབ་ཀྱི་དབུ་ཁྲིད་ལིའུ་ཧྲའོ་ཆི་དང་། ཏེང་ཞའོ་ཕིང་། ཁྲེང་ཡུན་སོགས་ཀྱིས་མཇལ་འཕྲད་གནང་བ་དང་། 1965ལོར་ཀྲུང་དབྱང་དམག་ཨུད་ཀྱིས་སྤུས་དག་ལ“རྩྭ་ཐང་གི་དཔའ་བོ”ཞེས་པའི་མཚན་སྙན་གནང་ཡོད།

    1985ལོར་ལས་བྱེད་པ“ཅན་བཞིར”འགྱུར་བའི་བླང་བྱར་གཞིགས་ནས་སྤུས་དག་གིས་རང་འགུལ་ངང་རྒན་ཡོལ་ཞུ་རྒྱུའི་རེ་བ་བཏོན། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པའི་ཁོང་གིས་སྔར་བཞིན་ཏང་གི་བྱ་གཞག་དང་ཕ་ཡུལ་ཆེད་བརྟན་ལྷིང་སྲུང་སྐྱོང་ལ་ཐབས་འདོན་ཇུས་འབུལ་མཐའ་འཁྱོངས་བྱས་ཁར། རང་ནུས་ཅི་ཡོད་བཏོན་སྟབས་ནག་ཆུའི་མི་དམངས་ཀྱིས་ཁོང་ལ“དཀའ་ངལ་གྱི་མདུན་དུ་དཔའ་མི་ཞུམ་པའི་འོས་འགན་དྲིལ་བསྒྲགས་པ”ཞེས་པའི་མཚན་སྙན་གསོལ་བ་ལས་དཔའ་བོ་རྒན་གྲས་དང་ཏང་ཡོན་རྒན་གྲས་ཤིག་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འབད་འཐབ་ལྷོད་མེད་བྱེད་པའི་བླ་ན་མེད་པའི་བརྩེ་སེམས་མཚོན་ཡོད། 1994ལོར་སྤུས་དག་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།

    2005ལོའི་ཟླ་9ཚེས་13ཉིན་སྤུས་དག་གི་དཔའ་ངར་ཞུམ་མེད་ཀྱི་མི་ཚེ་ཧྲིལ་པོ་མཇུག་འགྲིལ་བ་རེད། མི་ཚེ་ཧྲིལ་པོ་སྤྱོད་གཙང་ཡིན་པའི་ཁོང་གིས་ཁྱིམ་མིར་བཞག་པ་ནི་དྲན་གསོ་ཁང་གི་སྒོའི་གཡས་ཀྱི་ཚེམ་བུ་མང་པོ་བརྒྱབ་པའི་རྟ་སྒ་དང་མི་ཚེ་ཧྲིལ་པོའི་གཟི་བརྗིད་མཚན་སྙན་ཙམ་ཡིན་ཡང་། ང་ཚོར་བཞག་པ་ནི་ཏང་དང་མི་དམངས་ལ་ཟོལ་མེད་ཀྱི་ལྷག་བསམ་དང་དེ་བཞིན་ཡུན་རིང་གཞི་རིམ་གཞི་ཚུགས་དང་། དཀའ་སྤྱད་འབད་འཐབ། བློ་བརྟན་འགྱུར་མེད་བཅས་ཀྱི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་ཡིན། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བསླབ་གཞི་རྩ་ཆེན་ཞིག་ཀྱང་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།