1951ལོར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་བསྟུན་ནས། ལམ་ཁག་གི་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞི་བས་ལྷ་ས་དང་བོད་ཀྱི་ས་གནས་གལ་ཆེན་ཁག་ཏུ་བཅའ་སྡོད་བྱས་རྗེས་བོད་ཀྱི་ཆབ་སྲིད་དུས་བབ་ལ་དུས་རབས་འབྱེད་པའི་འགྱུར་ལྡོག་བྱུང་ཡོད། མཐོ་རིམ་ཁྲོད་ཀྱི་རྒྱལ་གཅེས་མི་སྣ་ཉུང་ཤས་ལ་སྐུལ་ལྕག་ཐེབས་པ་དང་མི་མང་པོ་ཞིག་གིས་བབ་ལྟ་ཐེ་ཚོམ་ཡང་བྱེད། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱི་ངན་ཇུས་འོག་མཐོ་རིམ་ལོག་སྤྱོད་པ་ཉུང་ཤས་ཀྱིས་གྲོས་མཐུན་རྩིས་མེད་དུ་བཏང་ནས་མི་དམངས་བཅིངས་འགྲོལ་དམག་ཕྱིར་འབུད་བྱ་རྒྱུའི་ལྐོག་གཡོ་བཤམས་ཡོད།
1951ལོའི་ཟླ་བཅུ་གཅིག་པར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྲིད་ཚབ་ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་ཀྱིས་གཙོས་པའི་ཁ་ཕྲལ་པས་ཚོང་པ་དང་ལས་མེད་ཁྲམ་པ་ཁ་ཤས་ངན་སྐུལ་བྱས་ཏེ“མི་དམངས་ཚོགས་འདུ”ཞེས་པའི་རེ་ཞུ་ཚོགས་པ་ཟེར་བ་བཙུགས་ནས་ཁྲོམ་གཞུང་དུ་ལོག་སྤྱོད་ཀྱི་འབོད་ཚིག་གྲགས་ཏེ་གྲོས་མཐུན་ལག་བསྟར་ལ་འགོག་རྐྱེན་བཟོ་བའི་རེ་ངན་བཅངས་ཡོད། 1952ལོའི་ཟླ་3ཚེས་31ཉིན“མི་དམངས་ཚོགས་འདུའི”རེ་འདུན་ལ་ཁ་གཡར་ཏེ་མི་ཆིག་སྟོང་ཙམ་བསྡུ་རུབ་བྱས་ཏེ་གློ་བུར་དུ་བོད་སྡོད་ཀྲུང་དབྱང་གི་སྐུ་ཚབ་དང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཅིང་ཝུའུ་ཡི་བཞུགས་གནས་ཀྱི་མཐའ་སྐོར་བ་དང་འབྲེལ་མཐའ་འཁོར་གྱི་ཁང་པའི་ཐོག་ཁར་མེ་མདའ་སྦག་སྦག་རྒྱག་ཆོག་ཆོག་བྱས་ནས་བསྡད་ཡོད། སྐབས་དེར་ཀྲང་ཅིང་ཝུའུ་ཡི་བཞུགས་གནས་སུ་སྐུ་སྲུང་པན་གཅིག་དང་ལས་དོན་མི་སྣ་ཉུང་ཤས་ལས་མེད། ཀྲང་ཅིང་ཝུའུ་ཡིས་ཉེན་ཁར་མི་སྐྲག་པར་སྐུ་སྲུང་པན་དང་ལས་དོན་མི་སྣར་དོགས་ཟོན་ནན་པོ་བྱེད་དགོས་པ་དང་འབྲེལ་སྔོན་ལ་མེ་མདའ་རྒྱག་མི་ཆོག་པའི་བཀའ་ནན་པོ་བཏང་བའི་ཐོག“མི་དམངས་ཚོགས་འདུའི”འཐུས་མིར་བསམ་འཆར་ཤོད་དུ་བཅུག་པ་དང་ཆབས་ཅིག་མི་མངགས་ནས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཚང་མ་འབོད་དུ་བཏང་བ་རེད།ཀྲང་ཅིང་ཝུའུ་ཡིས་བཀའ་བློན་ཚོར་ད་ཐེངས་ཀྱི་དོན་རྐྱེན་དེ་ནི་མི་ལ་ལས་ལྐོག་ནས་ངན་སྐུལ་བྱས་པ་ཞིག་ཡིན་པས། བཀའ་བློན་ཚོས་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་འགན་དཀྲིས་པ་དང་། དེ་འདྲ་མ་བྱས་ཚེ་ད་ཐེངས་དོན་རྐྱེན་གྱི་མཇུག་འབྲས་ཚབས་ཆེན་གྱི་འགན་ཚང་མ་ཁོ་པ་ཚོས་འཁུར་དགོས་ཞེས་དྲང་ནན་ངང་གསུངས། ཉིན་གཉིས་པར། ཀྲང་ཅིང་ཝུའུ་ཡིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བཀའ་བློན་ཚང་མར་ཁག་སོ་སོར་འཕྲིན་ཡིག་སྤྲིངས་ནས་ད་ཐེངས་ཀྱི་ཟིང་ཆའི་ངོ་བོ་དང་ཉེན་ཁའི་སྐོར་གསུངས་པ་དང་ཆབས་ཅིག འཕྲལ་དུ་ཟིང་ཆ་བཀག་འགོག་བྱས་ཏེ“མི་དམངས་ཚོགས་འདུ”ཞེས་པ་མགྱོགས་མྱུར་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་པ་རེད། འོན་ཀྱང་ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་ཀྱི་ངན་སྐུལ་འོག“མི་དམངས་ཚོགས་འདུས”ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྨྱོ་ཧམ་ཆེ་རུ་ཕྱིན། ཁོ་པ་ཚོས་སྔར་བཞིན་མི་ཁ་ཤས་ངན་སྐུལ་བྱས་ཏེ་མུ་མཐུད་ཀྲང་ཅིང་ཝུའུ་ཡི་བཞུགས་གནས་ཀྱི་མཐའ་སྐོར་ནས་སྨྱོ་ཧམ་ཆེན་པོས་བཅིངས་འགྲོལ་དམག་ལ་དམག་རྒྱག་གི་ཡིན་ཞེས་བཤད་པ་དང་ཆབས་ཅིག རྒྱལ་རྩེར་ཡོད་པའི་བོད་དམག་གི་མེ་སྒྱོགས་མདའ་ཤོག་ལྷ་སར་སྐོང་། ད་དུང་བཅིངས་འགྲོལ་དམག་གི་དངོས་ཟོག་འཕྲོག་བཅོམ་དང་། རྒྱལ་གཅེས་མི་སྣར་འཇིགས་སྐུལ་ཡི་གེ་བསྐུར་བ། ཁ་པར་གྱི་གློག་སྐུད་གཅོད་པ། ཟོག་གོང་སྤོར་བ་བཅས་བྱས་པས་ལྷ་སའི་གྲོང་མི་རྣམས་གནས་བཟོད་མི་བདེ་བ་བྱུང་སྟེ་ཚང་མས་འབྲུ་རིགས་དང་ཆུ་གསོག་པ་དང་ཚོང་ཁང་སྒོ་རྒྱག་པ་སོགས་བྱས་པས་དུས་བབ་སྔར་བཞིན་ཛ་དྲག་ཏུ་ཕྱིན། ཛ་དྲག་གི་གནས་ཚུལ་དེ་འདྲའི་འོག་ཀྲང་ཅིང་ཝུའུ་ཡིས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིར་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག ཏཱ་ལར་བསྟུད་མར་བརྡ་ཐོ་ཐེངས་གསུམ་བཏང་ནས། འཕྲལ་དུ་བྱེད་ཐབས་སྤྱད་དེ་ཟིང་ཆ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཟླ་4ཚེས་8ཉིན་ཏཱ་ལའི་གདན་ཞུས་ལྟར་ཀྲང་ཅིང་ཝུའུ་ཕོ་བྲང་པོ་ཏ་ལར་གྲོས་མོལ་གནང་བར་ཕེབས། དེའི་སྐབས་སུ་ཕོ་བྲང་པོ་ཏ་ལར་བོད་དམག་ཡོད་ལ། དྲག་ཆས་སྤྲས་པའི་གྲྭ་པའང་ཡོད་པ་དང་། འགོག་སྲུང་ནན་པོ་བྱས་ནས་ཡོད། ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་སྲིད་ཚབ་གཉིས་ཀྱང་ཏཱ་ལའི་འཁྲིས་སུ་ལངས་ཏེ་བསྲུང་བྱ་བྱས་ནས་བསྡད་ཡོད། གནས་ཚུལ་དེ་ལྟ་བུའི་འོག་ཀྲང་ཅིང་ཝུའུ་ཕོ་བྲང་པོ་ཏ་ལར་ཕེབས་ན། ཉེན་ཁ་ཧ་ཅང་ཆེ་བས་ལས་དོན་ཨུ་ཡོན་ལྷན་ཁང་དང་དམག་ཁུལ་ཁང་གི་བློ་མཐུན་ཚོས་སེམས་ཁྲལ་ཆེན་པོ་གནང་། འོན་ཀྱང་གལ་ཏེ་མ་ཕེབས་ན། གནད་དོན་ཞི་བས་ཐག་གཅོད་བྱེད་ཐབས་བྲལ། གྲོས་མཐུན་ལག་བསྟར་ཐུབ་ཆེད་དང་བོད་མི་དམངས་ཀྱི་ཁེ་ཕན་ཆེད་དུ་ཀྲང་ཅིང་ཝུའུ་ཡིས་ཕེབས་རྒྱུའི་ཐུགས་ཐག་བཅད། ཁོང་གིས་བློ་མཐུན་ཚོར“གནས་ཚུལ་གང་ཞིག་ཐོན་ཡང་། ཕོ་བྲང་པོ་ཏ་ལར་བསྐྱོད་དེ་ཏཱ་ལའི་བླ་མར་ཀྲུང་དབྱང་གི་རྣམ་འགྱུར་དང་ང་ཚོའི་ལངས་ཕྱོགས་གསལ་པོ་ཤོད་རྒྱུ་དེ་རྒྱུ་མཚན་ལྡན་པ་དང་། ཕན་པ་ལྡན་པ། གུས་ལུགས་ལྡན་པ་བཅས་ཀྱི་རྩ་དོན་དང་རྦད་དེ་མཐུན་ཡོད། དེ་ལྟར་བྱས་ན་ཏཱ་ལའི་བླ་མར་མཐུན་སྒྲིལ་དང་བོད་ཀྱི་མཐོ་རིམ་མི་སྣར་སློབ་གསོ་གཏོང་ཐུབ་པ་མ་ཟད། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་གོ་རྟོགས་སད་རྒྱུར་ཡང་ཕན་ཐོགས་ཡོད”“ད་ཆ་ང་ཚོའི་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱས་ཡོད་པ་དང་། ང་རང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཡིན”ལ། “ཏཱ་ལས་ང་རང་ཆེད་མངགས་འབོད་པ་ཞིག་ཀྱང་ཡིན་ཙང་། ལོག་སྤྱོད་པ་དེ་ཚོས་ང་ལ་གནོད་པ་བྱེད་མི་ཕོད་ལ། ངས་བལྟས་ན་ཁོ་པ་ཚོར་བློ་ཁོག་དེ་མེད”“གལ་ཏེ་ང་རང་ལོག་མི་ཐུབ་ན། ངས་ཏཱ་ལ་དང་མཉམ་དུ་ཕོ་བྲང་པོ་ཏ་ལ་ནས་བློ་མཐུན་ཚོས་རང་སྲུང་དམག་འཐབ་རྒྱག་པར་བལྟས་ནས་བསྡད་ཆོག ཁྱེད་ཚོར་རྒྱལ་ཁ་ཇི་ཙམ་མགྱོགས་པ་ཐོབ་ན་ང་རང་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་རེ་བ་ཡང་དེ་ཙམ་གྱིས་ཆེ་བ་ཡོད། གལ་ཏེ་ང་ལ་སྲོག་ཉེན་འཕྲད་པའི་དབང་དུ་བཏང་ནའང་། གསར་བརྗེ་དང་བོད་ཀྱི་མི་དམངས་ཆེད་དུ་སྲོག་དོར་བ་ཞིག་ཡིན”ཞེས་གསུངས། ཀྲང་ཅིང་ཝུའུ་ཡིས་སྐད་སྒྱུར་བ་གཅིག་དང་། བདེ་སྲུང་ལས་བྱེད་པ་གཉིས། སྐུ་སྲུང་པན་གཅིག་བཅས་ཁྲིད་ནས་སྲོག་ཉེན་ལ་མ་འཛེམས་པར་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་བསྐྱོད། ཕོ་བྲང་པོ་ཏ་ལའི་ཕྱི་ནང་གཉིས་སུ་འགོག་སྲུང་ནན་པོ་བྱས་ཡོད་ལ་བོད་དམག་གང་སར་བཀྲམ་ནས་གོམ་པ་གསུམ་རེར་ཞིབ་བཤེར་བྱེད་མཁན་གཅིག་དང་གོམ་པ་ལྔ་རེར་བསྲུང་བྱ་བྱེད་མཁན་གཅིག་བཞག་ཡོད། ཀྲང་ཅིང་ཝུའུ་ཡིས་སྐྲག་སྣང་སྤུ་ཙམ་ཡང་མེད་པར་སྐུ་སྲུང་པན་ཕོ་བྲང་པོ་ཏ་ལའི་རི་གཤམ་དུ་བཞག་ནས་ཁོང་གིས་སྐད་སྒྱུར་བ་གཅིག་དང་བདེ་སྲུང་ལས་བྱེད་པ་གཉིས་ཁྲིད་དེ་སྐས་ཀ་རིང་པོ་འཛེགས་ནས་ཕོ་བྲང་པོ་ཏ་ལར་བསྐྱོད། ཀྲང་ཅིང་ཝུའུ་ཡིས་ཏཱ་ལར་ད་ཐེངས་ཀྱི་ཟིང་ཆའི་གནས་ཚུལ་གསལ་བཤད་བྱས་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཟིང་ཆ་བཀག་འགོག་བྱ་རྒྱུའི་བྱེད་ཕྱོགས་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག སྲིད་ཚབ་གཉིས་ཀྱི་གོ་གནས་འཕྲལ་མར་མེད་པ་བཟོ་བ་དང“མི་དམངས་ཚོགས་འདུ”མེད་པ་བཟོ་དགོས་པའི་རེ་བའང་བཏོན་པ་རེད། ཀྲང་ཅིང་ཝུའུ་ཡིས་ངང་རྒྱུད་རིང་པོས་ཕྱག་ལས་དང་མཐའ་གཅིག་ཏུ་འཐབ་རྩོད་གནང་བ་བརྒྱུད་ཟླ་4ཚེས་27ཉིན་ཏཱ་ལས་ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་ཀྱི་སྲིད་ཚབ་གོ་གནས་མེད་པར་བཟོས་པའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་5ཚེས་1ཉིན་དམག་ཁུལ་ཁང་དང་བོད་ས་གནས་སྲིད་གཞུང་གིས་མཉམ་དུ་རྩ་ཚིག་བཀྲམ་ནས“མི་དམངས་ཚོགས་འདུ”ནི་ཁྲིམས་འགལ་གྱི་རྩ་འཛུགས་ཞིག་ཡིན་པས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཁྲིམས་འགལ་གྱི“མི་དམངས་ཚོགས་འདུའི”ཟིང་ཆའི་དོན་རྐྱེན་ཞོད་འཇགས་སུ་བཏང་བ་དེ་ཐོག་ནས་ཆབ་སྲིད་ཐད་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། རྒྱལ་གཅེས་སྟོབས་ཤུགས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་སྟེ་མི་མང་པོ་ཞིག་རྒྱལ་གཅེས་ཀྱི་སྟོབས་ཤུགས་ཕྱོགས་སུ་ལངས་ནས་ལོ་མང་རིང་བོད་ཀྱི་དུས་བབ་བལྟོས་བཅས་བརྟན་ལྷིང་བྱུང་ནས་གྲོས་མཐུན་ལག་བསྟར་དང་ལས་དོན་ཁག་སྤེལ་བར་ཆབ་སྲིད་ཀྱི་ཁོར་ཡུག་ནུས་ལྡན་ཞིག་བཏོད་ཡོད།