དབུ་ཤོག>ཆེད་སྒྲིག
  • སྡེ་ཚན་བཞིས་དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་བར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-19

    ཉེ་ཆར་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《བར་བརྒལ་དུས་མཚམས་ཀྱི་དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་བའི་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། 《བརྡ་ཐོའི》ནང་གསལ་པོ་འཁོད་དོན། དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་བའི་རྒྱབ་སྐྱོར་བྱ་ཡུལ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། དངུལ་བུན་གཡར་བའི་གྲངས་འབོར་རྩ་དོན་ཐོག་སྒོར་ཁྲི་5(ཚུད་པ)མན་དང་། དངུལ་བུན་གཡར་བའི་དུས་ཚད་ལོ་གསུམ(ཚུད་པ)ནང་ཚུན་ཡིན་པ། ཁག་ཐེག་དང་གཏའ་མ་མི་དགོས་པ། ནོར་སྲིད་མ་དངུལ་ནས་སྐྱེད་ཀ་འོས་འཚམ་གསབ་པ། དངུལ་བུན་གཡར་སྐབས་ཁྲོམ་རའི་རིན་ཕབ་ཀྱི་སྐྱེད་ཚད(LPR)བཞིན་དངུལ་བུན་གཏོང་བར་ལྕག་སྐུལ་བཅས་བྱས་པས། ད་ཡོད་ཀྱི་ཉེན་ཁའི་ཁ་གསབ་ལམ་སྲོལ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། མཐར་ལུས་དབུལ་པོ་ཆགས་སླ་བའི་དུད་ཚང་གིས་བརྡ་ཐོའི་བླང་བྱ་གཞིར་བཟུང་དངུལ་བུན་གཡར་ཆོག

    《བརྡ་ཐོའི》ནང་། དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་དངུལ་བུན་གཡར་རྒྱུ་དེ་དུད་ཚང་གིས་གཡར་བ་དང་། དུད་ཚང་ལ་སྤྱོད་པ། དུད་ཚང་གིས་འཇལ་བ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། དངུལ་བུན་གཡར་མཁན་དུད་ཚང་གིས་ཐོན་སྐྱེད་འཕེལ་རྒྱས་དང་གཉེར་སྐྱོང་ཐད་གནད་སྨིན་སྤྱོད་པ་ལས། ཆང་ས་རྒྱག་པ་དང་། ཁང་པ་རྒྱག་པ། དངུལ་ལོར་བདག་གཉེར། ཁྱིམ་སྤྱོད་དངོས་པོ་ཉོ་སྒྲུབ་སོགས་ཐོན་སྐྱེད་རང་བཞིན་གྱི་གཏོང་སྒོ་མིན་པའི་ཐད་གཏོང་མི་ཆོག་ལ། མ་རྐང་ལ་ཞུགས་ནས་བགོ་འགྲེམས་དང་། དངུལ་བུན་གཞན་ལ་གཡར་བ། དམིགས་ཚད་སྒྱུར་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁེ་ལས་སམ་ཡང་ན་རྩ་འཛུགས་གཞན་ལ་ཡང་སྤྱད་མི་ཆོག་ཅེས་འཁོད་ཡོད། 《བརྡ་ཐོའི》ནང་། དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་བའི་དགོས་མཁོ་ཏན་ཏིག་སྐོང་དགོས། དབུལ་སྒྲོལ་མི་འབོར་ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་རྒྱུན་མཐུད་གཡར་བ་དང་ནར་འགྱངས་དོ་དམ་ལ་ཤུགས་སྣོན་དང་། ལུགས་མཐུན་ངང་འཕར་གསབ་དངུལ་བུན་གཏོང་བ། ཡིད་རྟོན་དངུལ་བུན་གྱི་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱེད་དགོས། དེ་དང་དུས་མཚུངས་ཡིད་རྟོན་དངུལ་བུན་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས་པ་དང་། དངུལ་ཁང་སྒྲིག་གཞིའི་ཡིད་རྟོན་དངུལ་བུན་གྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དངུལ་བུན་རགས་ཚད་དེ་ཙམ་ནན་བཤད་མི་བྱེད་པ་བཅས་ཀྱི་སྒོ་ནས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་ཚད་ལྡན་ཏན་ཏིག་གཏོང་དགོས། དུས་འགྱངས་དངུལ་བུན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་ཉེན་ཁ་ཁ་གསབ་དང་འགན་བགོས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།