ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར་745.78ཟིན་པ་དེ་དུས་མཚུངས་ལས་3.6%ཆག་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ལྷག་པར་དུ་ཞིང་འབྲོག་ཁུལ་དུ་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཚོང་དོན་འཁོར་རྒྱུག་དྲ་རྒྱ་ཐག་རིང་ཞིང་འབྲོག་ཁུལ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་བས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་གྲ་རྒྱས་སུ་སོང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། འགག་ས་གཤོང་བ། ཞན་ཆ་སེལ་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དེང་རབས་ཚོང་དོན་རྒྱུན་འཁོར་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། 2020ལོ་ཁོ་ནར་འཁྱག་གཏོང་གྲང་ཉར་མཛོད་དང་ཚོང་ཟོག་གཙོ་བོ་གྲབས་གསོག་མཛོད་9བཙུགས་པ་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་10གསར་འཛུགས་དང་རིམ་སྤོར་སྒྱུར་བཀོད་བྱས་པ། ལྷག་པར་དུ་དཔལ་མགོན་དང་འབྲོང་པ་སོགས་ཐག་རིང་རྫོང་ལ་དམིགས་ནས་མ་དངུལ་སྒོར་ཁྲི་1500བཏང་སྟེ་ཚོང་དོན་རྒྱུན་འཁོར་དང་ཐག་རིང་གྲོང་གསེབ་ལ་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་འདུ་འགོད་ཚོད་ལྟ་བྱས་ནས་ཚོང་དོན་རྒྱུན་འཁོར་དྲ་རྒྱ་ཐག་རིང་ཞིང་འབྲོག་ཁུལ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཡོངས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལག་བསྟར་བྱས་པས་ལྗོངས་དང་གྲོང་ཁྱེར་དང་གཙོ་གནད་རྫོང་དང་ཤང་གི་དྲ་ཐོག་ཚོང་དོན་ཞབས་ཞུའི“སྒྲོམ་གཞི་གཙོ་བོ”གཞི་རྩའི་ཆ་ནས་ཆགས་པ་དང་དྲ་ཐོག་ཚོང་དོན་གསོ་སྦྱོང་དེ་ས་ཁུལ་ཚང་མར་ཁྱབ་སྟེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ་དྲ་ཐོག་ཚོང་དོན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་གདལ་རགས་ཙམ་བྱུང་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་122.28%འཕར་བ་དང་། རླངས་འཁོར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་17.4%འཕར་བ། འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་6000ལ་ཉེ་བ་སྤྲད་པ། སྒོར་དུང་ཕྱུར་1.5འཛད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་བཅས་བྱས་ཡོད།