དབུ་ཤོག>ཆེད་སྒྲིག
  • འབད་འཐབ་བྱས་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-18

    ཟླ་2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལོ་མང་རིང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཞོལ་མཁན་ལེའོ་ཅུན་ལུང་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ལེའོ་ཅུན་ལུང་གིས་སེམས་འགུལ་ཐེབས་བཞིན་དུ“དབུལ་སྒྲོལ་འགག་སྒྲོལ་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་ཡོད། གཟི་བརྗིད་མཚན་སྙན་དེ་ང་མི་སྒེར་ལ་དབང་བ་ཞིག་མིན་པར། དེ་ནི་དབུལ་སྐྱོར་ལས་བྱེད་པ་གྲངས་མེད་ཀྱིས་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པའི་འབྲས་བུ་ཞིག་དང་། ཏང་དང་མང་ཚོགས་དབར་ཀུན་སེམས་གཅིག་འབྲེལ་དང་ལས་བྱེད་པ་དང་མང་ཚོགས་ཕན་ཚུན་གཞོགས་འདེགས་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་རེད”ཅེས་བརྗོད་བྱུང་།

    2016ལོར་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་རུ་གོ་གནས་འཁུར་བཞིན་པའི་ལེའོ་ཅུན་ལུང་གིས་རང་འགུལ་ངང་གོང་རིམ་ལ་ཞུ་ཡིག་ཕུལ་ནས་དབུལ་སྐྱོར་ལས་དོན་ལ་ཞུགས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། ལེའོ་ཅུན་ལུང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དབུལ་སྐྱོར་སྲིད་ཇུས་སློབ་སྦྱོང་ཧུར་ཐག་བྱས་པ་མ་ཟད། རང་འགུལ་ངང་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ལེན་པའི་ཐོག་སྣེ་ཁྲིད་དེ་ལས་སྒོར་བརྩོན་ཞིབ་དང་། བླང་བྱ་གསར་པ་ཁོང་དུ་ཆུད་པ། བྱེད་ཐབས་གསར་པ་དོན་འཁྱོལ་བཅས་བྱས་ཡོད།

    ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 2017ལོའི་ཟླ་5་པར། ལེའོ་ཅུན་ལུང་གིས་ཟླ་གཅིག་ཙམ་ནང《དབུལ་སྒྲོལ་འགག་སྒྲོལ་གྱི་ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་གཏན་འབེབས》བཟོས་པ་མ་ཟད། “ཚོགས་པའི་བྱེད་ཐབས་ཐོག་ནས་རྫོང་དང་ཆུས་འགན་གཙང་ལེན་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཡུག་འགན་གཙང་ལེན་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་དང་གྲོང་རྡལ་འགན་གཙང་ལེན་པ། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་གྲོང་ཚོ་དང་ཨུ་ཡོན་ལྷན་ཁང་འགན་གཙང་ལེན་པ། རྒྱ་ཆེའི་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ”བཅས་ཀྱི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་ཚན་པ་ཁག་གི་ཤེས་ལྡན་མི་སྣ་དང་། ལག་རྩལ། མ་དངུལ། ཆ་འཕྲིན་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་རེད།

    དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་པ་དང་། དུས་དང་བསྟུན་པ། དུད་ཚང་ལ་གཞིགས་ནས་ཐབས་ཇུས་ལག་བསྟར། མི་ལ་གཞིགས་ནས་ཐབས་ཇུས་ལག་བསྟར་བཅས་མཐའ་འཁྱོངས་བྱས་པ་མ་ཟད། ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་འཕེལ་རྒྱས། ཤེས་ལྡན་པ་གསོ་སྦྱོང་སོགས་ཐད་ཐབས་ཇུས་འདོན་པ་དང་མ་དངུལ་གྲབས་གསོག་བྱས་ཡོད། རོགས་སྐྱོར་བྱེད་མཁན་ཚན་པ་ཁག་གིས་ས་ཁུལ་དབུལ་པོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ནས་གཟིགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཏེ་རྫོང་དབུལ་པོ(ཆུས)དང་། གྲོང་གསེབ་དབུལ་པོ། མང་ཚོགས་དབུལ་པོ་བཅས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།

    དབུལ་སྐྱོར་ལས་དོན་སྒྲུབ་འགོ་ཚུགས་པ་ནས་བཟུང་། གྲོང་གསེབ་ཏུ་བརྟག་ཞིབ་དང་། དུད་ཚང་དབུལ་པོར་འཚམས་འདྲི། ཉིན་མཚན་བལྟོས་མེད་ངང་ལས་ཀ་འཕར་མ་བྱེད་པ་བཅས་ནི་ལེའོ་ཅུན་ལུང་གི་རྒྱུན་གཏན་གྱི་ལས་ཀ་ཡིན། ལོ་དེ་དག་རིང་། ཁོང་གི་རྐང་རྗེས་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11ལ་བཞག་ཡོད། བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ཁོང་གིས་ཆབ་མདོ་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ལ“རྫོང(ཆུས)གིས་ཤང་ལ་རོགས་སྐྱོར་དང་ཤང་གིས་གྲོང་ཚོར་རོགས་སྐྱོར་བྱེད་པའི”ཆ་སྒྲིག་རོགས་སྐྱོར་བྱེད་ཐབས་གསར་པ་བཏོན་པ་རེད།

    རོགས་སྐྱོར་བྱེད་མཁན་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་པའི་ཐོག་འཕྲིན་ཡིག་སྤྲིངས་ནས་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁེ་ལས་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ། ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཆབ་མདོའི་རྫོང(ཆུས)11གི་ཤང་དང་གྲོང་རྡལ་54དང་ཆ་སྒྲིག་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ལས་ཞུགས་ལས་གནས་2700ཙམ་མཁོ་འདོན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་1200ཙམ་ལས་ཞུགས་གཞན་སྒྱུར་ཡང་བྱས་པ་རེད། ཆ་སྒྲིག་རོགས་སྐྱོར་གྱི་གཉེན་འཚོལ་ལམ་ལུགས་ལག་བསྟར་བྱེད་སྐབས། ལེའོ་ཅུན་ལུང་རྫོང(ཆུས)དུ་ཐེངས་མང་བསྐྱོད་དེ་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། “གཅིག་རེ་དྲུག”དང“ངེས་པར་དུ་བདུན”གྱི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་ཁྲི་3.1དང་དུད་ཚང་དབུལ་པོ་ཁྲི་3.48གནད་སྨིན་ངང་ཆ་སྒྲིག་ཡོང་བར་མཛུབ་ཁྲིད་བྱས་ཡོད།

    ལོ་གསུམ་རིང་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་ཚོས་རིམ་རྩིས་བྱས་ན། ཆ་སྒྲིག་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.2དོན་འཁྱོལ་དང་གྲོང་གསེབ་ཀྱི་དཀའ་ངལ་དང་གནད་དོན་ཁྲི་5.8སེལ་རོགས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་ཁྲི་3.46དང་མི་ཁྲི་17.05ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། མི་འབོར་དབུལ་པོས་ལྗོངས་ཡོངས་ཀྱི་8.9%བཟུང་བ་དང་དབུལ་པོ་ཐོན་ཚད་24.95%ཟིན་ཡོད་པ་རེད།

    དབུལ་པོ་མང་པོ་དེ་འདྲ་ཡོད་པ་མཐོང་སྐབས། ཁོང་གིས་ཞིབ་དཔྱད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པའི་ངོས་འཛིན་ཐུབ་ཅིང་། ཁོང་གིས་རིམ་པ་ཁག་དང་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་དང་། སྐོར་གཟིགས་སྐོར་ཞིབ། རྩིས་བཤེར་ཞིབ་དཔྱད་ཚོད་སྐོར་སོགས་ཀྱི་ཚུར་ལན་བསམ་འཆར་གསེད་བཀྲོལ་ནན་ཏན་བྱས་ནས་གནད་དོན་གྱི་རྩིས་ཁྲ་བཟོས་ཏེ་ཇུས་གཞི་བཟོ་བ་དང་། ལས་འགན་གསེད་བཀྲོལ། འགན་འཁྲི་ཁ་གསལ། ལྟ་སྐུལ་དག་ཐེར་བཅས་བྱས་ནས་རྫོང(ཆུས)ཁག་བདེ་བླག་ངང་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།

    དུས་རྒྱུན་ལས་ཀ་མང་བ་དང་ངལ་གསོ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་2019ལོར་ཁོང་ལས་ཀ་འཕར་མ་བྱེད་སྐབས་གྲོད་པར་ན་ཟུག་ཆེན་པོ་ཞིག་བཏང་། སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས་མཁྲིས་པར་རྡོ་ཡོད་པ་ཤེས། སྨན་པས་གཤགས་བཅོས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་རུང་། ཁོང་གིས་སྨན་ཁང་དུ་མ་བསྡད་པར་ཨུ་ཚུགས་ཀྱིས་ལས་གནས་སུ་ཕྱིར་ལོག་བྱས་པ་རེད།

    2020ལོའི་ཟླ་བཅུ་པར། ཁོང་གི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་བསྐྱལ། འོན་ཀྱང་དེའི་དུས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་ཡིན་པས། ཁོང་གིས་སྨན་པར“ཉིན་ཁ་ཤས་འགྱངས་རོགས། སྨན་བཏང་ན་འགྲིག”ཅེས་བཤད་ནས་ལས་གནས་ཐོག་ལོག ཟླ་དེར་ཁོང་གི་གཟུགས་པོའི་ལྗིད་ཚད་རྒྱ་མ་10ལྷག་ཙམ་ཆག་ཡོད། འདི་ལོའི་ཟླ་དང་པོར་ཁོང་གིས་གཞི་ནས་གཤགས་བཅོས་བྱ་རྒྱུའི་ཁས་བླངས་པ་རེད།

    “ཁོང་སྨན་ཁང་དུ་ལུས་ཀྱང་ད་དུང་ང་ཚོར་ཁ་པར་བརྒྱབ་ནས་ལས་ཀའི་སྐོར་གྲོས་བསྡུར་བྱེད་ཀྱི་ཡོད”ལེའོ་ཅུན་ལུང་གི་སྐོར་གླེང་སྐབས་ཆབ་མདོ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ལས་རོགས་ཚང་མས་ཁོང་ནི་ལས་ཀར་དབྱིངས་བཞུགས་མཁན་ཞིག་རེད་ཅེས་བརྗོད།

    2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་དུས་བཀག་ལྟར་དུད་ཚང་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)11ཚང་མ་དབུལ་ཞྭ་ཕུད་ཡོད། དེ་ནི་ལེའོ་ཅུན་ལུང་དང་འདྲ་བའི་དབུལ་སྐྱོར་ལས་བྱེད་པ་ཚང་མས་ཐུན་མོང་འབད་བརྩོན་བྱས་ཏེ་ཕུལ་བའི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།