སེམས་ནུས་གཅིག་སྒྲིལ་རླབས་ཆེན་བྱ་གཞག་བསྐྲུན། དཔའ་ངར་ཆེར་སྐྱེད་རྣམ་པ་གསར་པ་བཏོད།
དམངས་ཀྱི་བློ་སྟོབས་གཅིག་ཏུ་བསྒྲིལ། རྣམ་པ་གསར་པར་ལེའུ་གསར་བརྩམས། ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཞུགས་འཐུས་མི་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་འགན་འཁྲི་གཙང་སྒྲུབ་ཏན་ཏིག་གནང་སྟེ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་དུས་རབས་ཀྱི་ལེའུ་བརྩམས་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཚོགས་ཆེན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ཕྱོགས་ཁག་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། འཐུས་མི་ཚོས་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལས་བྱུང་བའི་འབྲས་བུ་ཞིག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན་པའི་ངོས་འཛིན་གནང་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཆོག་མཆན་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་དང་སྙན་སྒྲོན་གལ་ཆེན་གཞན་དག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་གནང་བ། བཟོ་བཅོས་བརྒྱབ་རྗེས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ཀྱི་ཁྲིམས་སྲོལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་ལམ་སྲོལ་ལ་གྲོས་འཆམ་བྱུང་ཡོད། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མངོན་ཡོད་པས། དེ་ནི་དམ་པ་དོན་གཉེར་དང་མི་སེམས་ལ་སྐུལ་ལྕག་ཐེབས་པའི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གཏན་འབེབས》ནང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དམིགས་བསལ་སྲིད་འཛིན་ཁུལ་དང་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་གཅེས་པ་གཙོ་བོར་བྱེད་པའི“ཤང་ཀང་བས་ཤང་ཀང་སྐྱོང་རྒྱུ”མཐའ་འཁྱོངས་བྱེད་དགོས་ཞེས་བཏོན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། འཐུས་མི་ཚོས། ལམ་ལུགས་ཀྱི་བཀོད་སྒྲིག་དེ་རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་ཁྲིམས་ཀྱི་རྩ་དོན་དང་མཐུན་ཡོད་ལ། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་ཡང་མཐུན་པ་མ་ཟད། ཆབ་སྲིད་ཀྱི་རྨང་གཞི་དང་ཁྲིམས་སྐྱོང་གི་རྨང་གཞི་ལྡན་པར་བརྟེན་རྒྱལ་གཅེས་པ་གཙོ་བོར་བྱེད་པའི“ཤང་ཀང་བས་ཤང་ཀང་སྐྱོང་རྒྱུ”མངོན་འགྱུར་དང་ཤང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོའི་ངང་ཡར་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱེད་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་བ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་སྟེ། ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་པ་དང་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པར་གདེང་ཚོད་བརྟན་དུ་དང་སྟོབས་ཤུགས་གཅིག་སྒྲིལ་ཐུབ་ཡོད།
ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཞིབ་བཤེར་དང་ཆོག་མཆན་སྤྲད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན་ཞིབ་ཚགས་སུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་ལོ་ལྔ་དང་པོ་དེ་རེད། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་སུ་གནས་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་ཡོད། འཆར་འགོད་ཀྱི་རྩ་གནད་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་འཐབ་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་བརྟན་ཤོས་དང་གཏིང་ཤུགས་ཆེ་ཤོས་ཤིག་རེད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་གསོན་ཤུགས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་དོན་གཙོ་བོ་ནི་ལམ་ལུགས་དེའི་རྩ་བ་མི་དམངས་ཁྲོད་བརྟན་པོ་ཚུགས་པས་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་གྲུབ་ཐུབ། འབྱུང་འགྱུར་ལ་ཕྱོགས་ནས་ང་ཚོས་རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་དབང་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱས་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་གི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་ལས་མི་དམངས་ཀྱི་བློ་སྟོབས་དེ་བས་ལེགས་པའི་སྒོ་ནས་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན། མི་དམངས་ཀྱི་གསར་གཏོད་ཀྱི་སེམས་ཤུགས་འཕེལ་བ་བཅས་བྱས་ནས་མི་དམངས་འཐུས་མི་ཚོཌ་ཆེན་ལམ་ལུཌ་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་དགོས།
བརྗིད་ཆེའི་འཆར་གཞི་གསར་པས་མི་རྣམས་ལ་སྐུལ་ལྕག་ཐེབས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཡངས་ཤིང་རྒྱ་ཆེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གྲུ་གཡོར་བཏེགས་ནས་རླབས་གཤགས་མདུན་སྐྱོད་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣